ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པའི་ལས་འཆར་བཀོད་སྒྲིག་ལྟར། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་ནང་རྡ་ས་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བཅུའི་ཚོགས་མི་མི་གྲངས་ ༡༥ ཙམ་ལ་མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་སྟངས་སྐོར་ཟབ་ཁྲིད་པར་ཟབ་སྦྱོང་མཇུག་བསྒྲིལ་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་སྐུ་མགྲོན་གཙོ་བོ་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཙོས་ཟབ་སྦྱོང་སྤྲོད་མཁན་ཕྱི་དྲིལ་ཟུང་དྲུང་ཚེ་རིང་དབང་ཕྱུག་ལགས་དང་། དྲུང་ལས་སྐལ་ལྡན་མཚོ་མོ་ལགས། ཟབ་སྦྱོང་བ་རྣམས་བཅས་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོས་ཟབ་སྦྱོང་བ་རྣམས་ལ་རྟེན་འབྲེལ་མཚོན་ཆེད་ཁ་བཏགས་རེ་གཡོགས་ཏེ་འཚམས་འདྲི་གནང་རྗེས་གསུང་བཤད་གནང་དོན། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པའི་ལས་འཆར་བཀོད་སྒྲིག་ལྟར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་ས་ཁུལ་གྱི་སྤྱི་པའི་སྒྲིག་འཛུགས་ཆེ་ཁག་གི་འཐུས་མི་དང་རྒྱུན་ལས་རྣམས་ལ་དབུ་མའི་ལམ་སྐོར་ཟབ་སྦྱོང་དང་འབྲེལ་གོ་བསྡུར་དང་། ལས་དོན་བྱེད་ཕྱོགས་སྐོར་གོ་བསྡུར་གནང་བའི་ཉིན་མཐའ་མའི་མཇུག་བསྒྲིལ་གྱི་མཛད་སྒོར་ངས་རྣམ་པ་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱིར་ཐེངས་འདིའི་ཟབ་སྦྱོང་ནང་སྔ་མོའི་མི་དང་དེང་དུས་ཀྱི་མི། དེ་བཞིན་སྔ་མོའི་ཚོགས་པ་དང་དེང་དུས་ཀྱི་ཚོགས་པ་བཅས་མཉམ་ཞུགས་གནང་འདུག་པ་དེའི་ཐོག་ནས་རྡ་ས་ཁུལ་གྱི་སྤྱི་ཚོགས་སྒྲིག་འཛུགས་འཕེལ་རིམ་འགྲོ་བཞིན་ཡོད་པ་མངོན་གསལ་དོད་པོའི་ཐོག་ནས་གསལ་པོ་ཆགས་བཞིན་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པའི་ལས་དོན་འདི་དང་དེ་བཞིན་དེ་སྔ་ཡང་སྤེལ་ཡོད་ལ་མ་འོངས་པར་མུ་མཐུད་སྤེལ་འཆར་ཡོད། མ་འོངས་པར་ལས་འཆར་མུ་མཐུད་སྤེལ་དགོས་པའི་རྒྱུ་མཚན་ནི། རྣམ་པ་ཚོ་ཉིན་གྲངས་གསུམ་རིང་ཟབ་སྦྱོང་ཐོབ་པར་བརྟེན་གསལ་པོ་ཤེས་དགོས་ཀྱི་རེད། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་མང་ཚོགས་ལ་གསལ་དཀྲོལ་དགོས་པ་མ་ཟད། མང་ཚོགས་ཀྱི་ཡིད་ཆེས་དང་། ལངས་ཕྱོགས་གཏན་པོ་གནས་པའི་ཐོག་ནས་བོད་སྤྱི་པའི་མ་འོངས་ལངས་ཕྱོགས་ཐོག་ཐད་བསྐྱོད་ཐུབ་པའི་སེམས་ཤུགས་དང་། གདེང་སྤོབས། བློ་སྤོབས་དགོས་པ་ཡིན། རྣམ་པ་ཚོ་རྡ་ས་ཁུལ་གྱི་སྒྲིག་འཛུགས་ཁག་གི་དབུ་ཁྲིད་ཡིན་པར་བརྟེན། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཐེ་ཚོམ་དང་བློ་དོགས། དོན་མ་རྟོགས་པ་སོགས་མི་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། རྣམ་པ་ཚོར་བློ་དོགས་ཕྲན་བུ་ཡོད་པ་ཡིན་ན་ཟབ་སྦྱོང་འདི་བརྒྱུད་གསལ་པོ་བྱུང་ཡོད་ངེས་རེད། དེར་བརྟེན་སོ་སོའི་ཁྱབ་ཁོངས་སྡེ་ཚན་དང་། ལས་བྱེད། མི་མང་བཅས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་གསལ་པོ་བྱེད་ཐུབ་པ་དགོས་རྒྱུ་ང་ཚོའི་དམིགས་ཡུལ་གཙོ་བོ་ཡིན། དབུ་མའི་ལམ་ནི་མ་འོངས་བོད་ཀྱི་ལངས་ཕྱོགས་དང་ལམ་ཡིན། མ་འོངས་བོད་ཀྱི་ལམ་གང་ཡིན་ཁ་གསལ་མ་བྱུང་བ་ཡིན་ན། བོད་ཀྱི་མ་འོངས་གནད་དོན་ཐོག་འགོ་ཁྲིད་དང་ལམ་རྒྱུས་ཐད་དཀའ་ངལ་འཕྲད་ཀྱི་རེད།
དབུ་མའི་ལམ་གྱི་སྲིད་བྱུས་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཡིན་པར་བརྟེན་ངེས་པར་ལག་བསྟར་དགོས་ཞེས་བཀའ་ནན་བྱེད་ཀྱི་མེད། འོན་ཀྱང་བོད་སྤྱིའི་མ་འོངས་ལས་དོན་དེ་ཧ་ཅང་གལ་ཆེན་པོ་ཡིན་ན། ལངས་ཕྱོགས་དེ་དངོས་འབྲེལ་དང་། ཡང་དག་པ། གཏན་པོ། དེང་དུས་དང་མཐུན་པ་བཅས་གང་ཡིན་དེར་ང་ཚོས་དམ་འཛིན་བྱེད་དགོས། དབུ་མའི་ལམ་་ནི་༸གོང་ས་མཆོག་གི་དགོངས་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མིར་ཡང་དག་པ་དང་། མ་འོངས་པར་ཕན་ཐོགས་པ། བོད་མིའི་སྤྱི་ཚོགས་སྲུང་སྐྱོབས་བྱེད་རྒྱུར་དགོངས་གཞི་ཡོད་པ་བརྗོད་མི་དགོས་པ་ཞིག་རེད། འདི་ལས་ལྷག་པའི་གྲོས་ཆོད་གང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་དབུ་ཁྲིད་གཞན་སུ་ཡོད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལས་ལྷག་པའི་མཛད་རྗེས་ཅན་སུ་ཡོད། ༸གོང་ས་མཆོག་གིས་དགོངས་གཞི་ལས་ལྷག་པ་དང་། ཡང་དག་པ། རྒྱུ་མཚན་ལྡན་པ། དངོས་ཡོད་གནས་ཚུལ་དང་མཐུན་པ། གྲུབ་འབྲས་དང་ལྡན་པ་ཞིག་མེད། རྒྱལ་སྤྱིའི་ཐོག་གུས་བཀུར་ཞུ་བཞིན་པའི་དབུ་ཁྲིད་ཞིག་ལ་ང་ཚོ་བོད་རིགས་མི་དམངས་ནས་མགོན་པོ་གང་ཉིད་མཆོག་གི་དགོངས་གཞི་ལ་ཐེ་ཚོམ་བྱེད་དགོས་པ་དེ་འདྲ་ཡོད་དམ། དབུ་མའི་ལམ་གྱི་དགོངས་གཞི་ལས་ལྷག་པ་ཞིག་ཡོད་དམ། ༸གོང་ས་མཆོག་གིས་མང་ཚོགས་ཀྱི་བསམ་ཚུལ་ཐུགས་ལ་བཅངས་ནས་འདི་ཕྱིའི་དགོངས་པ་བཞེས་ནས་བྱུང་བ་ཞིག་ཡིན། དབུ་མའི་ལམ་གྱི་གྲོས་མོལ་དང་ཞི་མོལ་ཐོག་ཕྱིན་པ་ཡིན་ན། ང་ཚོའི་རྩ་བའི་ལངས་ཕྱོགས་ཐོག་དོ་ཕོག་འགྲོ་གི་རེད་བསམས་ཀྱི་ཡོད་ན། དེ་ལྟར་རྩ་བ་ཉིད་ནས་མ་རེད། དབུ་མའི་ལམ་ནི། དེང་དུས་འཛམ་གླིང་གི་འགྲོ་སྟངས་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་ལ་བལྟས་པ་ཡིན་ནའང་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག མི་རིགས། གོམས་གཤིས། ཆོས་ལུགས་བཅས་སྲུང་སྐྱོབས་བྱ་རྒྱུའི་ཐབས་ལམ་བཟང་ཤོས་ཡིན་པ་གསལ་པོ་རྟོགས་པའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད་ཞུ་རྒྱུར་ཐེ་ཚོམ་དགོས་དོན་མེད།
བོད་ཀྱི་གནད་དོན་གསལ་བར་དབུ་མའི་ལམ་གྱི་ཐོག་བསྐྱོད་རྒྱུ་དང་། དབུ་མའི་ལམ་སྐོར་མང་ཚོགས་ནས་ཐེ་ཚོམ་གང་ཡང་མེད་པར་མཁྱེན་ཐུབ་པ། དེའི་ཐོག་བོད་མི་ཚང་མས་ནུས་སྟོབས་གཅིག་ཏུ་སྤུངས་ནས་མདུན་བསྐྱོད་ཐུབ་པར་ང་ཚོ་ཚང་མས་འབད་བརྩོན་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་ཟབ་སྦྱོང་མཇུག་བསྒྲིལ་མཛད་སྒོ་གྲོལ།།