ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅ ། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༤ ཉིན་རྒྱ་གར་ཧི་མཱ་ལ་ཡ་ཁྱིམ་ཚང་ (Himalaya Pariwar) དང་ (Indian National Trust for Art & Culture) ཞེས་པའི་ཚོགས་པས་གོ་སྒྲིག་འོག་རྡ་ཤོད་རྫོང་ལས་ཁུངས་ཀྱི་ (Zila Parishad ) ཚོགས་ཁང་ནང་ (Makar Sankranti) ཞེས་ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་བཅུའི་རྒྱུ་ལམ་དགུ་པ་གཞུའི་ཁྱིམ་ནས་བཅུ་པ་ཆུ་སྲིན་གྱི་ཁྱིམ་(Makar) དུ་འཕོ་འགྱུར་གྱི་གནས་སྐབས། རྒྱ་གར་ནང་(Makar Sankranti) ཞེས་པའི་དུས་ཆེན་སྲུང་བརྩི་ཞུས་སྲོལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ཀེ་སི་ཤཱར་མ་ (K.C.Sharma) ལགས། བོད་མི་མང་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་དང་བློ་བཟང་ཡེ་ཤེས་ལགས། ཧི་མཱ་ལ་ཡ་ཁྱིམ་ཚང་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། རྡ་ས་ཁུལ་གནས་སྡོད་བལ་པོའི་སྐུ་ཚབ། སྤྱི་ཏི་ཁུལ་གྱི་སློབ་ཕྲུག་ཁག་གཅིག་སོགས་ལྷན་འཛོམས་ཐོག་ཧི་མཱ་ལ་ཡ་ཁྱིམ་ཚང་ཚོགས་པའི་ཚོགས་གཙོས་ཕེབས་བསུའི་གསུང་བཤད་གནང་གྲུབ་བསྟུན་དབྱངས་ཅན་མ་དང་། དབང་ཕྱུག ཚོགས་བདག་བཅས་ཀྱི་བསྟོད་གླུ་དབྱངས་སུ་གྱེར་ཏེ་ཤིས་བརྗོད་བཏོན། དེ་ནས་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ཀེ་སི་ཤཱར་མ་ལགས་རྣམ་གཉིས་ལ་ཕྱག་རྟགས་རེ་ཕུལ། དེ་ནས་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱི་གསུང་བཤད་གནང་དོན། དེ་རིང་འདིར་དམིགས་བསལ་དུས་ཆེན་ཐོག་བཅར་རྒྱུའི་གོ་སྐབས་བྱུང་བར་ང་རང་ཧ་ཅང་དགའ་བོ་བྱུང་། སྤྱིར་དེ་རིང་སྔ་དྲོ་ལྡི་ལི་ནས་རྡ་སར་གྲོས་ཚོགས་ཀྱི་ལས་དོན་ཆེད་ཡོང་བ་ཡིན། ཁྱེད་རྣམ་པས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མགྲོན་འབོད་ཞུས་ཡོད་ཀྱང་། ཚོགས་གཙོ་མཆོག་ལས་དོན་ཧ་ཅང་གལ་ཆེ་ཞིག་ལ་བཅར་དགོས་སྟབས་འདིར་ཕེབས་ཐུབ་མེད་པར་བརྟེན། ཕྲན་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་འདིར་འགྲོ་དགོས་པའི་ལམ་སྟོན་ཕེབས་པ་ལྟར་འདི་གར་བཅར་བ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།