ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་གྱི་སྔ་དྲོ་ ༡༠།༤༥ ཐོག་བདེ་སྲུང་ཡན་ལག་འགན་འཛིན་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོར་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྩལ་སྐབས་ཆོས་ཞུ་བ་རྣམས་ལ་དེང་དུས་དང་མཐུན་པའི་ཕྱག་འཁྱེར་འབུལ་ཕྱོགས་སྐོར་གསར་འགོད་གསལ་བསྒྲགས་སྤེལ་དོན། བདེ་སྲུང་བཀའ་བློན་མཆོག་གིས་དབུས་པའི་དྲུང་ཆེ་རྣམ་གཉིས་ཀྱིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྩལ་སྐབས་༸རྒྱལ་བའི་སྐུ་ཕྱྭ་དང་། ཆོས་ཞུ་བ་རྣམས་ལ་དཀའ་ངལ་མི་འཕྲད་པའི་ཕྱག་འཁྱེར་བཟོ་དགོས་སྐོར་ལམ་སྟོན་ཕེབས་དོན་བཞིན། བདེ་སྲུང་ཡན་ལག་དང་ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་གཉིས་གོ་བསྡུར་བྱས་ཏེ་ཆོས་ཞུ་བའི་ཕྱག་འཁྱེར་ལོ་གཅིག་རིང་གནང་རྒྱུ་ཕྱི་ལོ་ ༢༠༡༤ ནས་འགོ་བཙུགས་པ་ཡིན།
ལྷག་པར་ཆོས་ཞུ་བའི་ཕྱག་འཁྱེར་སྔར་ལྷག་སྟབས་བདེ་ཡོང་ཆེད་དེང་དུས་དང་མཐུན་པའི་ Digitise བཟོ་ཐབས་ཚོད་ལྟ་རིམ་པ་བྱས་ནས་བདེ་སྲུང་བཀའ་བློན་མཆོག་གི་བཀའ་འཁྲོལ་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༩ ནས་འགོ་བཙུགས་ཏེ་ཐོག་མར་དགོན་སྡེ་གྲྭ་ཚང་དང། ཚོགས་སྡེ་ཁག་གི་སེར་སྐྱ་རྣམས་ཐོ་འགོད་བྱ་རྒྱུ་དང་། དེ་ནས་རིམ་བཞིན་མི་མང་རྣམས་ཐོ་འགོད་བྱ་རྒྱུ་ཡིན།
དེ་སྔ་ཐོ་འགོད་ཟིན་པ་རྣམས་ནས་ཆོས་ཞུ་བའི་ཕྱག་འཁྱེར་ཨང་གྲངས་སམ་ཕྱག་འཁྱེར་རྙིང་པ་མཉམ་འཁྱེར་གྱིས་གསར་དུ་ཐོ་འགོད་བྱ་དགོས་པ་དང་། ལོ་གཅིག་རིང་གི་གསུང་ཆོས་ཕྱག་འཁྱེར་ཞུས་མཁན་རྣམས་ནས་གསུང་ཆོས་ནམ་སྩལ་སྐབས་བདེ་སྲུང་ཡན་ལག་ལས་ཁུངས་སུ་བཅར་ནས་ངེས་པར་དུ་ཐོ་འགོད་དགོས། གསུང་ཆོས་ཕྱག་འཁྱེར་དེ་རྡ་སར་གསུང་ཆོས་སྐབས་ཁོ་ནའི་ཆེད་ཡིན།
བོད་རིགས་ཕྱག་འཁྱེར་ཞུ་བར་ཆ་རྐྱེན་ཡིག་ཆ་ཁག་ནི། རྡ་ས་རང་ནས་བཟོས་པའི་སྐྱབས་བཅོལ་ལག་འཁྱེར་ཡིན་དགོས། ཟུར་སྐྱོང་སྡེ་ཚན་ཁག་གིས་གནང་བའི་ངོ་སྤྲོད་ལག་འཁྱེར། ས་གནས་གཞན་གྱི་སྐྱབས་བཅོལ་ལག་འཁྱེར་ཡིན་ཚེ་ལུགས་མཐུན་ཐོན་ཚེས་དང་འབྱོར་ཚེས་འཁོད་པའི་ཐོག་རྡ་ས་སྐོར་སྲུང་སྤྱི་ཁྱབ་ལས་ཁུངས་ནས་ཐེངས་གཉིས་དུས་འགྱངས་ཐོབ་ཡོད་པ། གོང་གསལ་ཆ་རྐྱེན་མ་ཚང་ཡང་རྡ་སར་གཏན་སྡོད་བྱ་མཁན་ཡིན་ཚེ་ས་གནས་འགོ་འཛིན་ནས་ངོས་སྦྱོར་དགོས། ས་གནས་ཡུལ་མི་ཡིན་ཚེ་ངོ་སྤྲོད་ཕྱག་འཁྱེར་སྟེང་གཏན་སྡོད་ཁ་བྱང་རྡ་ས་འཁོད་པ། ཕྱི་རྒྱལ་མི་རིགས་ རྣམས་ཀང་ར་སྐོར་སྲུང་ལས་ཁུངས་ནས་རྒྱ་གར་ནང་གཏན་སྡོད་ཆོག་པའི་མཐོང་མཆན་(RP) ནང་ལོ་ལྔའི་དུས་འགྱངས་ཐོབ་ཡོད་པ་ཞིག་ཡིན་དགོས།