ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་ཡོང་བའི་རེ་འདུན་བཏོན་འདུག
ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༧ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་སྐུ་ཇེན་པ་སི་ཀི་ (Jen Psaki) ལགས་ཀྱིས་ཨ་རི་གཞུང་གི་ཉིན་རེའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་གསལ་ཆེད་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་ཐུབ་ཚེ་རྒྱ་ནག་ལའང་ཁེ་ཕན་ཡོད་པར་བརྟེན། རྒྱ་ནག་གཞུང་ཕྱོགས་ནས་གོ་སྐབས་དེ་ངེས་པར་དུ་དམ་འཛིན་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་འདུག
དེ་ཡང་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་འབྱུང་སྲིད་པའི་གནས་ཚུལ་སྐོར་གྱི་དྲི་བར་མགྲིན་ཚབ་པ་ལྕམ་ཇེན་པ་སི་ཀི་ལགས་ཀྱིས་ལན་འདེབས་གནང་དོན། ངས་གནས་ཚུལ་དེ་མཐོང་བྱུང་། ངས་གྲོས་མོལ་ཡོང་རྒྱུ་ཡིན་མིན་སྐོར་ཐ་གཅིག་ཏུ་ཞུ་དཀའ་ཡང་། སྤྱིར་ཨ་རི་གཞུང་ཕྱོགས་ཀྱི་ངོས་ནས་དུས་རྟག་ཏུ་རྒྱ་ནག་གཞུང་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་གནང་བ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།
བོད་རྒྱ་གཉིས་དབར་གྲོས་མོལ་ལམ་ནས་དཀའ་རྙོག་སེལ་ཐུབ་ཚེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་ཚང་མར་ཡང་ཁེ་ཕན་ཡོང་རྒྱུར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་ཕྱོགས་ནས་གོ་སྐབས་དེ་དམ་འཛིན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག