༢༠༡༥ ཟླ་ ༡ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༦ ཉིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ ༢༧ པ་མཇུག་སྒྲིལ་གནང་འདུག དེ་ཡང་ཕྱི་ཚེས་ ༥ དང་ ༦ ཉིན་གཉིས་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ (Asian health Resort ) ཨེ་ཤི་ཡན་ཧལ་ཐ་རི་སོ་ཌི། ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉེར་བདུན་པ་མཇུག་སྒྲིལ་ཐོག་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། ཐེངས་འདིའི་བོད་རྒྱ་ཞི་མོལ་ལྷན་ཚོགས་ཐོག་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། བོད་རྒྱ་གཉིས་ཀྱི་གནས་སྟངས་ལ་གཞིགས་ཏེ་འབྱུང་འགྱུར་རྒྱ་ནག་གི་འགོ་ཁྲིད་དང་ལྷན་འབྲེལ་མོལ་བསྐྱར་གསོའི་གནད་དོན། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གྱིས་ད་བར་བོད་མི་ ༡༣༥ ནས་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་སྟངས་སོགས་ཀྱི་གནད་དོན་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྷན་ཚོགས་ཐོག་དབུ་བཞུགས་ཀྱིས་ཉིན་གཉིས་རིང་གི་བཞུགས་མོལ་ཚོགས་འདུའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་གྱི་ལམ་ནས་གསལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་ནན་བརྗོད་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ངོས་ནས་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཁོ་ན་དེ་ཡིན་པ་གསུངས་འདུག
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་གསར་འཛུགས་གནང་དགོས་དོན་ནི། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་ནས་གསལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐོག་རོགས་ཕན་ཡོང་ཆེད་ཡིན་འདུག
གསལ་བསྒྲགས་ངོ་མ་དབྱིན་ཡིག་ཐོག་སྤེལ་ཡོད་པ་དེར་རྩ་འཛིན་ཡོང་བ་ཞུ།