༢༠༡༤ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༩ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་རྭ་སྟོད་གྲྭ་ཚང་དུ་གོང་ཚེས་ཉིན་ཆིབས་སྒྱུར་བསྐྱངས་ནས་དགེ་འདུན་འདུས་མང་རྣམས་ལ་བཀའ་སློབ་སྩལ། དེ་ཡང་ཐོག་མར་༧གོང་ས་མཆོག་རྭ་སྟོད་དགོན་པར་ཆིབས་སྒྱུར་བསྐྱངས་སྐབས་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་སྦྱིན་བདག་སྐུ་ཞབས་རི་ཆ་ཌི་སྒེར་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་ཞབས་སྟེགས་སུ་༧ཞབས་སོར་འཁོད་བསྟུན་བཀའ་སློབ་སྩལ་དོན། ལོ་རྒྱུས་ཐོག་གལ་གནད་ཆེ་བའི་གྲྭ་ཚང་འདིའི་མཁན་པོ་བོད་མི་ཞིག་མིན་པར་ཨ་རི་བ་ཞིག་ཡིན་སྟབས། དམིགས་བསལ་ཅན་ཞིག་ཆགས་ཡོད། མཁན་རིན་པོ་ཆེ་ཁོང་སྐྱོང་བླ་རིན་པོ་ཆེའི་དགེ་ཕྲུག་ཚད་ལྡན་ཞིག་ཡིན། གླིང་རིན་པོ་ཆེ་སྐྱོང་བླ་རིན་པོ་ཆེ་དང་ངོས་ཀྱི་དགེ་རྒན་ཡིན་པ་ཙམ་དུ་མ་ཟད། ཁོང་གི་དྲུང་ནས་ངོས་ཀྱིས་དགེ་སློང་གི་སྡོམ་པ་དང་། མདོ་སྔགས་ཀྱི་ཆོས་མང་དག་གཅིག་ཞུ་རྒྱུ་བྱུང་། དེར་བརྟེན་ངོས་ཀྱི་བླ་མ་གཙོ་བོ་ཆགས་ཡོད། སྒེར་གྱི་ངོས་ནས་མཚོན་ནའང་ངོས་ཀྱི་ཡོངས་འཛིན་དམ་པ་དང་གྲོགས་པོ་བློས་ཐུབ་གཅིག་ཡིན། གོ་སའི་ཐོག་ནས་བརྗོད་ན་ངོས་ཀྱི་གོ་ས་དེ་ཁོང་ལས་ཞེ་དྲག་མཐོ་བ་ཡོད། འོན་ཀྱང་ཡོངས་འཛིན་དམ་པའི་དགེ་ཕྲུག་གི་རིམ་པ་བརྩིས་ན་ཁོང་ངོས་ལས་རྒན་པ་ཆགས་ཡོད། ངོས་རང་དགེ་ཕྲུག་གཞོན་པ་ཡིན། དེར་བརྟེན་ངོས་ཀྱིས་རིན་པོ་ཆེར་རྟག་ཏུ་གུས་བཀུར་ཞུ་བཞིན་ཡོད།
གྲྭ་ཚང་གི་མཁན་པོ་འདེམས་སྐབས་ཚན་གཞུང་འགའ་ཤས་འབྱོར་བྱུང་ཡང་ངོས་ཀྱིས་ཨ་རི་བ་ཁོང་རྭ་སྟོད་གྲྭ་ཚང་གི་མཁན་པོར་བསྐོ་གཞག་བྱས་པ་ཡིན། དེ་ནི་བོད་ཀྱི་ལོ་རྒྱུས་ནང་ཨ་རི་བ་སྣ་ཁུག་ཆེན་པོ་ཞིག་བོད་པའི་གྲྭ་ཚང་ཞིག་གི་མཁན་པོར་བསྐོ་གཞག་བྱུང་བ་ཐོག་མ་ཆགས་ཡོད། ངོས་ཀྱི་ཁོང་སྔ་མོ་ནས་ངོ་ཤེས་ཀྱི་ཡོད། ཁོང་གི་པ་ལགས་ཀྱང་ངོས་ཀྱི་ངོ་ཤེས་རེད། ཐོག་མར་སྐྱོང་བླ་རིན་པོ་ཆེའི་སྐད་བྱས་པ་ཙམ་མ་ཟད། རིན་པོ་ཆེར་ཞབས་ཕྱི་ཞུས་ནས་བཤེས་གཉེན་བསྟེན་ཚུལ་བཤད་པ་ཡིན་ན་ཧ་ལས་པའི་ཡག་པོ་ཡོད། གྲྭ་སར་དཔེ་ཆ་ཡང་ཏོག་ཙམ་བལྟས་པ་རེད། བཅོམ་ལྡན་འདས་ཀྱི་མི་རིགས་ཀྱི་དབྱེ་བ་འབྱེད་གནང་གི་མེད། ང་ཚོ་དེ་སྔ་བོད་ལ་ཡིན་ནའང་རྒྱལ་ཁབ་ཕན་ཚུན་དབར་གྱི་མི་རིགས་ལ་དབྱེ་འབྱེད་གང་ཡང་མེད། ད་ལྟའི་དུས་རབས་གསར་པ་འདིར་ང་ཚོས་ཁོང་ལ་མཁན་པོར་འོས་པ་ཞིག་མཐོང་ནས་བསྐོ་གཞག་བྱུང་བ་ཞིག་རེད། བཤད་གྲྭ་གང་དུ་ཡིན་ནའང་༧རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་འདི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ཞིག་རེད།
རྭ་སྟོད་གྲྭ་ཚང་ལྟ་བུར་མཚོན་ན། ལོ་རྒྱུས་ཀྱི་ཐོག་ནས་གཞུང་ཆེན་ལྟ་མཁན་ཞིག་ཡིན། དེར་བརྟེན་བྱེས་ཀྱི་རྭ་སྟོད་གྲྭ་ཚང་ཆུང་ཆུང་འདིར་དགེ་འདུན་པ་བརྒྱ་དང་ལྔ་བཅུ་ཙམ་ཡོད་པ་རྣམས་ཀྱིས་དཔེ་ཆ་ལྟ་དགོས། གྲྭ་ཚང་འདིར་དཔེ་ཆ་ལྟ་མཁན་གང་ཙམ་འདུག ཧ་ཅང་ཡག་པོ་བྱུང་འདུག གྲྭ་ཆས་གྱོན་ནས་དཔེ་ཆ་མ་ཤེས་པར་བསྡད་ན་ཧ་ཅང་ངོ་ཚ་པོ་རེད། ང་ཚོ་དེ་སྔ་བོད་དུ་དགོན་པ་ཆུང་ཆུང་དེ་འདྲས་སྔགས་ཆོག་འདོན་རྒྱུ་མ་གཏོགས་གཞུང་ལྟ་རྒྱུ་དེ་ཙམ་མེད། ད་ལྟ་ང་ཚོ་ཕྱི་རྒྱལ་ལ་བསྡད་ཡོད། ཁ་འདོན་དགེ་སྦྱོང་ཞིག་དང་འདོན་པ་རྐྱང་རྐྱང་བཏོན་ནས་བསྡད་ན་རིན་ཐང་དེ་ཙམ་མཐོང་རྒྱུ་མེད། ནང་པའི་གཞུང་གི་འགྲོ་སྟངས་དེ་ཚོ་ཏོག་ཙམ་ཤེས་ན། དེ་རིང་ཁ་སང་འཛམ་གླིང་གིས་ནང་པའི་ལྟ་གྲུབ་དང་། དེ་བཞིན་ནང་པའི་ཚན་རིག་སྐོར་དེ་དག་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད། ཁྱེད་ཚོ་འདིར་རྒྱ་གར་ལུང་པའི་ནང་ཆ་བཞག་ནའང་། དཔེ་ཆ་ཤེས་ན་མཐོང་ཆེ་བ་ཡོད། དཔེ་ཆ་མ་ཤེས་ན་ཧ་ཅང་ཁག་པོ་རེད། ཕྱིན་ཆད་ང་རང་ཚོས་བོད་ལ་ཆ་བཞག་ནའང་དེ་སྔའི་ལོ་རྒྱུས་དེ་བསྐྱར་ཟློས་བྱ་རྒྱུ་མེད།
དེང་དུས་ཀྱི་གནས་ཚུལ་འདྲ་མིན་ཤེས་ཐུབ་རྒྱུ་གཅིག་དང་། གཉིས་ནས་དེང་དུས་ཀྱི་མཐོང་རྒྱ་དེ་བོད་ནང་དུ་ཡིན་ནའང་ཆེ་རུ་འགྲོ་བཞིན་ཡོད། ལྷག་པར་འདས་པའི་ལོ་བཅུ་ཕྲག་གཅིག་རིང་ལ་གུང་ཁྲན་ཏང་གིས་ཆོས་ལ་དམའ་འབེབས་སྐྱོན་བརྗོད་བྱེད་རྒྱུའི་སློབ་གསོ་ཧ་ཅང་སྤེལ་ཡོད། གཞི་རྩའི་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་ཚོའི་ལྷག་བསམ་དད་པ་ཧ་ཅང་བརྟན་པོ་རེད། ཡིན་ནའང་ཕྱོགས་གཅིག་ནས་ཆོས་ལ་དད་པ་ཡོད་ཀྱང་། བློའི་ཟུར་གཅིག་ནས་གང་འདྲ་ཡིན་ནམ་བསམ་པ་དྲན་མཁན་ཡོང་མི་སྲིད་པ་མ་རེད། དེ་འདྲ་བའི་མི་རབས་གསར་པའི་དུས་ཚོད་གཅིག་ལ་བསླེབས་ཡོད། དེར་བརྟེན་ང་ཚོས་མ་འོངས་པར་ཆོས་བཤད་བྱེད་སྐབས་གཞན་ཕར་གཞོག་ཁ་སིང་ཁ་ཉིན་ལམ་རིམ་མར་ཤོད་སྐབས་ཆོས་ལ་དད་པ་ཡོད་པ་གཞིར་བཞག་བྱས་ནས་ཤོད་ཀྱི་ཡོད། སྤྱིར་ལམ་རིམ་འདི་གསུང་སྐབས་ནང་པའི་ཆོས་ལ་དད་པ་ཡོད་པ་གཞིར་བཞག་ཐོག་གསུང་གི་ཡོད། དེས་འདང་རྒྱུ་མེད། རྒྱ་གར་མཁས་པའི་གཞུང་ལ་དགག་གཞག་སྤང་གསུམ། ཞེས་རིག་ལམ་གྱི་ཐོག་ནས་ཞིབ་འཇུག་བྱས་ནས་མཐར་དཔྱད་ནས་འགྲོ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་རྭ་སྟོད་གྲྭ་ཚང་ལོ་རྒྱུས་ཐོག་ནས་ཡིན་ནའང་བཤད་གྲྭ་ཞིག་ཆགས་ནས་ལྷག་པར་ཚད་མ་རྣམ་འགྲེལ་སྐོར་ལ་རྭ་སྟོད་གྲྭ་ཚང་ལ་དམིགས་བསལ་དར་གསོ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་ཁྱེད་ཚོས་མུ་མཐུད་ནས་དཔེ་ཆ་ལྟ་རྒྱུ་དེ་དག་ཡག་པོ་བྱས་ནས་ལྟོས་ཨང་། ཞེས་བཀའ་སློབ་སྩལ།
་་