༢༠༡༤ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༨ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ཁུལ་དུ་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་གྲོགས་པོ་ཁག་གཅིག་ནས་གདན་ཞུ་ཕུལ་བ་ལྟར། སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་རྣམ་གཉིས་སི་ཌི་ནི་ཁུལ་དུ་ཆེད་བསྐྱོད་ཀྱིས་རྒྱ་རིགས་མཁས་དབང་དང་། རྩོམ་པ་པོ། མང་གཙོ་དོན་གཉེར་བ། བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་བཅས་དང་ལྷན་མཇལ་མོལ་གནང་ཡོད།
དེ་ཡང་བཞུགས་མོལ་ཚོགས་འདུ་གོ་སྒྲིག་གནང་མཁན་ཀྲུང་ཇིན་ཅང་ནས་ཐོག་མར་རྒྱ་རིགས་ཚོའི་ཚབ་ཞུས་སྟེ་སྐུ་ཚབ་དོན་གཅོད་ལ་ཕེབས་བསུའི་འཚམས་འདྲི་ཞུས་རྗེས། ཁོང་གིས་རྒྱ་ནག་གཞུང་ཕྱོགས་ནས་ལོ་མང་རིང་ལོག་པའི་དྲིལ་བསྒྲགས་སྤེལ་ཏེ་བོད་རྒྱ་མི་རིགས་གཉིས་དབར་དབྱེན་སྦྱོར་དཀྲུག་ཤིང་བརྒྱབ་ཏེ་འགལ་ཟླ་གང་ཐུབ་བཟོས་དང་བཟོ་བཞིན་ཡོད་པར་བརྟེན། ཕྱི་སྡོད་རྒྱ་བོད་མི་རིགས་གཉིས་དབར་ཕན་ཚུན་བསམ་ཚུལ་བརྗེ་ལེན་གང་མང་གནང་ནས་འགལ་ཟླ་དེ་དག་སེལ་ཐབས་གནང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གཏམ་བཤད་གནང་ཡོད།
ཐེངས་འདིའི་རྒྱ་རིགས་ཚོས་གོ་སྒྲིག་ཞུས་པའི་མཇལ་མོལ་ཚོགས་འདུའི་ཐོག་སྐུ་ཚབ་དོན་གཅོད་ཀྱིས་སི་ཌི་ནི་ཁུལ་དུ་གནས་སྡོད་རྒྱ་རིགས་རྣམས་ནས་བོད་དོན་ལ་དོ་སྣང་དང་གདུང་སེམས་མཉམ་སྐྱེ་གནང་བར་བསྔགས་བརྗོད་གནང་བ་དང་ཆབས་ཅིག བོད་ནང་གི་གནས་སྟངས་ངོ་སྤྲོད་དང་འབྲེལ། བོད་རྒྱ་མི་རིགས་གཉིས་དབར་བསམ་ཚུལ་བརྗེ་ལེན་དང་དངོས་ཡོད་གནས་སྟངས་གོ་རྟོགས་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་བ་མ་ཟད་། དབུ་མའི་ལམ་དང་འབྲེལ་བའི་སྒོ་ནས་བོད་རྒྱ་ཞི་མོལ་གྱི་གནས་སྟངས། དམིགས་བསལ་རྒྱ་རིགས་ཚོར་བོད་མི་རྣམས་ནས་དཀའ་སྡུག་ག་ཚོད་མྱོང་གི་ཡོད་རུང་། བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་ནང་ཆོས་ཞིག་ཡོད་སྟབས་དཀའ་སྡུག་དེ་དག་ལ་གདོང་ལེན་བྱེད་སྐབས་བསམ་བློའི་ཁྱེར་བཟོར་ཁྱད་པར་ཞིག་བཟོ་གི་ཡོད་སྐོར་དང་། བོད་མི་མང་ཆེ་བས་རྒྱུན་དུ་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ལ་ཡིད་ཆེས་བྱེད་བཞིན་ཡོད་པར་བརྟེན། རིམ་པས་དུས་ཀྱི་འགྱུར་བའི་ཁྲོད་དུ་བོད་མིའི་དཀའ་སྡུག་ལའང་སེལ་ཚབ་ཤིག་ཡོང་རྒྱུའི་ཡིད་ཆེས་དང་། རྒྱ་ནག་གཞུང་གི་དབུ་འཁྲིད་ཚོས་བོད་ལ་ལག་བསྟར་བྱས་དང་བྱེད་བཞིན་པའི་ངན་བྱུས་རྣམས་འབྱུང་འགྱུར་རང་ཐོག་ཏུ་སྡུག་བསྔལ་གྱི་རྒྱུ་ཆེན་པོ་ཞིག་གསོག་མུས་ལ་སྙིང་རྗེའི་རང་བཞིན་ཅན་ཞིག་ཡིན་ལུགས་སོགས་འགྲེལ་བརྗོད་གནང་བར་རྒྱ་རིགས་ཚོས་དོ་སྣང་ཆེན་པོ་གནང་སོང་།
དེ་སྔོན་རྒྱ་ནག་ནོར་སྲིད་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་བྱས་མྱོང་བའི་སྐུ་ཞབས་རིན་ལགས་ནས་ཁོང་གིས་སྐྱེ་བ་སྔ་ཕྱི་ཡོད་མེད་ལ་དཔྱད་པ་ལོ་མང་གནང་བ་དང་། རྗེས་སུ་༸གོང་ས་མཆོག་གི་བཀའ་ཆོས་ཞུ་རྒྱུའི་གོ་སྐབས་ཐོབ་པ་མ་ཟད། བོད་མི་དང་འབྲེལ་བ་བྱུང་རྗེས་བོད་མིའི་བཟང་སྤྱོད་དང་སེམས་ཤུགས་ལ་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། ཁོང་གིས་ད་དུང་ད་ཆ་རང་ཉིད་སྐྱེ་བ་སྔ་ཕྱིར་ཡིད་ཆེས་ཡོད་པ་མ་ཟད་སྤྱི་ཚོགས་དྲ་རྒྱ་བརྒྱུད་རྒྱ་ནག་ནང་གི་གྲོང་ཁྱེར་ཞིག་ཏུ་བྱིས་པ་ཞིག་ནས་སྐྱེ་བ་སྔོན་མ་གང་ཡིན་མིན་གྱི་བདེན་རྟགས་མང་པོ་བསྟན་ཡོད་པའི་དངོས་ཡོད་གནས་ཚུལ་ཐོན་ལུགས་སྐོར་འགྲེལ་བརྗོད་ཡང་གནང་སོང་། ཡང་ཚོགས་བཞུགས་གནང་མཁན་རྒྱ་རིགས་ཚོས་བོད་རྒྱ་མང་ཚོགས་དབར་འབྲེལ་ལམ་གནང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ཕུགས་ནས་བཤད་ན་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པ་དང་། ང་ཚོས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་རྒྱ་རིགས་གཞན་ཚོར་ངོ་སྤྲོད་གནང་གང་ཐུབ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།།