༢༠༡༤ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་ནང་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་རེ་ཞིག་མཇུག་སྒྲིལ་མཛད་རྗེས། ཕྱེད་ཡོལ་ཆུ་ཚོད་ ༣ ཙམ་ལ་དགའ་ལྡན་ཤར་རྩེ་གྲྭ་ཚང་རྡོ་ཁང་ཁང་ཚན་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཤར་རྩེ་མཁན་རིན་པོ་ཆེ་མཆོག་དང་། རྡོ་ཁང་ཁང་ཚན་དང་འབྲེལ་བ་ཡོད་པ་སེར་སྨད་མཁན་རིན་པོ་ཆེ་མཆོག རྒྱུད་སྨད་མཁན་ཟུར་སྒོ་སོག་རིན་པོ་ཆེ་མཆོག མདོ་ཁང་ཁང་ཚན་གྱི་འབྲེལ་ཡོད།
དེ་བཞིན་ཁང་ཚན་རང་གི་དགེ་བཤེས་ཡིན་པ་ད་ལྟའི་ཆར་རྒྱུད་སྟོད་ཀྱི་བླ་མ་དབུ་མཛད། དེ་བཞིན་ཁང་ཚན་འདིའི་བླ་མ་བྲག་དཀར་སྤྲུལ་སྐུ་ཡེ་ཤེས་བློ་གསལ། གྲྭ་ཚང་གི་དབུ་མཛད་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་སྟོན་འཁོར་དང་བཅས་༸ཞབས་སོར་འཁོད། དེ་ཡང་འདི་ག་གསར་འགོད་པས་རྡོ་ཁང་ཁང་ཚན་གྱི་རྒན་བསྟན་འཛིན་རྣམ་རྒྱལ་ལགས་སུ་ཁང་ཚན་དེར་བར་ལམ་དཀའ་ངལ་འཕྲད་པའི་བརྒྱུད་རིམ་སྐོར་ལ་དྲི་བ་ཞུས་པར་གསལ་བཤད་གནང་དོན། ཕྱི་ལོ་ ༢༠༠༨ ལོར་དགེ་ལུགས་སྤྱིའི་སྒྲིག་གཞིའི་ནང་དོལ་རྒྱལ་བསྟེན་གསོལ་མི་ཆོག་པའི་ཁྲིམས་བཅད་ནས་དོལ་རྒྱལ་བསྟེན་མཁན་དང་སྐལ་བ་མཉམ་དཔྱོད་མི་བྱ་རྒྱུའི་ཚུལ་ཤིང་བླངས་ནས་འབྲེལ་བ་གཙང་བཅད་བྱུང་རྗེས་ཁང་ཚན་འདིར་དགེ་འདུན་ཞལ་གྲངས་ཞེ་དྲུག་ཙམ་ལས་ལྷག་མ་སོང་། སྤྱིར་སྟངས་དེ་སྔ་མནའ་སྐྱལ་དམ་བཅའི་སྔོན་ལ་ཡིན་ན་ཁང་ཚན་འདི་གྲྭ་ཚང་ནང་ཁང་ཚན་ཆེ་ཤོས་ཤིག་ཡིན། དོལ་རྒྱལ་བསྟེན་མཁན་ཚོ་ཁང་ཚན་ནས་མར་སོང་རྗེས་མི་གྲངས་ཞེས་དྲུག་ཙམ་ལས་ལྷག་མེད། སྐབས་དེ་ནས་ལོ་གསུམ་ཙམ་རིང་ང་ཚོས་ཁང་ཚན་མིང་འཁྱེར་ནས་བསྡད་པ་ཙམ་ལས་རུག་རུག་བྱ་རྒྱུའི་གནས་ཤིག་མ་རག་པར་ལུས་པ་རེད།
ཕྱི་ལོ་ ༢༠༡༡ ལོར་ཤར་རྩེ་གྲྭ་ཚང་ནང་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་སྐབས་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དབུ་ཞུགས་ཐོག་ང་ཚོས་གཟིམ་ཆུང་མཇལ་ཁ་ཞུས། སྐབས་དེར་སྐུ་མདུན་གྱིས་བཀའ་སློབ་ཕེབས་པ་ནས་བཟུང་ང་ཚོ་རུག་རུག་བྱུང་བ་རེད། ལྷག་པར་༸གོང་ས་མཆོག་དེ་རིང་འདིར་རྡོ་ཁང་ཁང་ཚན་དུ་༸ཞབས་སོར་འཁོད་ཐུབ་པ་ནི་ཧ་ཅང་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཡིན། ང་ཚོའི་ཁང་ཚན་ནང་གྲྭ་རྒྱུན་དེ་སྔ་ཡིན་ན་བོད་ཁམས་ཕྱོགས་ཀྱི་ཆ་ཕྲེང་རེད། དེ་བཞིན་གངས་དཀར་གླིང་། ཡངས་གདིང། དབུས་གཙང་ཁུལ་ལ་བདེ་ཆེན་དང་ལྷོ་ཁ། ལྷ་ས་ཁུལ་ལ་མང་པོ་ཡོད། འོན་ཀྱང་དེང་སྐབས་ཁང་ཚན་འདིར་སྦག་སའི་སྐབས་ནས་ཡོད་པའི་གནས་རྟེན་བགྲེས་པ་གཅིག་རང་ཡོད། དེ་ནས་མོན་གྷོ་ས་གནས་རང་ནས་དགེ་འདུན་པ་ཞལ་གྲངས་བརྒྱད་ཙམ་ཡོད། ལྷོ་ཁ་ནས་གནས་རྟེན་བགྲེས་པ་གཅིག་དང་བདེ་ཆེན་ནས་ཕེབས་པ་བཞི་ཡོད། དེ་མིན་ཕལ་ཆེ་བ་ཧི་མཱ་ལ་ཡི་རི་རྒྱུད་སྤྱི་ཏི་ནས་ཡིན། དེ་རིང་འདིར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཐུབ་པ་དེར་ང་ཚོ་ཁང་ཚན་གྱི་བླ་སྤྲུལ་དགེ་བཤེས་འདུས་མང་ཡོངས་ནས་བཀའ་དྲིན་ཞལ་ཐབས་མེད་པ་གཅིག་ཆགས་ཡོད། ང་ཚོར་ད་བར་དཀའ་ངལ་ཧ་ཅང་འཕྲད་ཡོད་ཀྱང་ཐེངས་འདིར་༸གོང་ས་མཆོག་ཁང་ཚན་འདིར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་ཙམ་དུ་མ་ཟད། ཚོགས་ཁང་གསར་པ་དབུ་འབྱེད་མཛད་ནས་ཐུགས་དགྱེས་ཚོར་ཆེན་པོས་དགེ་འདུན་རྒན་གཞོན་བར་གསུམ་ལ་ཐུགས་བརྗེས་གཟིགས་པ་མཛད་པ་འདི་ནི་ཧ་ཅང་གི་སྐལ་པ་བཟང་པོ་ཞིག་ཡིན་བསམས་པའི་དགའ་དད་སྤྲོ་གསུམ་གྱི་ཚོར་བ་ཤུགས་དྲག་གཅིག་བྱུང་། དེ་རིང་ཉིན་མོ་ལས་ལྷག་པ་ཞིག་ང་ཚོར་འཆར་རྒྱུ་མེད། ཅེས་ང་རང་ཁང་ཚན་དགེ་རྒན་ཡིན་པའི་ཆ་ནས་མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་རྗེས་གསར་འགོད་པས་ཁང་མཚན་གསར་རྒྱག་སྐོར་དྲི་བ་ཞུས་པར་གསལ་བཤད་གནང་དོན། ང་ཚོ་ལོ་གསུམ་ཙམ་རིང་སྡོད་ས་བརྟེན་ས་གང་ཡང་མེད་པར་ལུས་པ་རེད། དེ་རྗེས་ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁར་བཅར་སྐབས་ཁང་ཚན་གྱི་དཀའ་ངལ་རྣམས་སྙན་སྒྲོན་ཞུས། སྐབས་དེར་༸གོང་ས་མཆོག་གིས་བྱང་རྩེ་གྲྭ་ཚང་གི་ལས་སྣེ་རྣམས་ལ་བཀའ་སློབ་སྩལ་ཏེ། གལ་ཏེ་བྱང་རྩེ་གྲྭ་ཚང་གིས་༸གོང་ས་མཆོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཡོད་ན། ཐེངས་འདིར་རྡོ་ཁང་ཁང་ཚན་ཉམས་རྒུད་ཕྱིན་པའི་སྐབས་འདིར་ཁང་ཚན་གསར་རྒྱག་ཆེད་ས་ཆ་དེ་རྡོ་ཁང་ཁང་ཚན་ལ་གནང་དགོས་རྒྱུ་རེད། ཅེས་བཀའ་སློབ་སྩལ་བ་མ་ཟད། སྐུ་སྒེར་དྲུང་ཆེ་བྲེ་སྲང་ཚེ་རིང་ལགས་སུ་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ལ་བཅར་ནས་གོ་བསྡུར་གནང་དགོས་ཞེས་བཀའ་མངགས་མཛད་སོང་། དེར་བརྟེན་རྡོ་ཁང་ཁང་ཚན་གྱི་ཚོགས་ཁང་གསར་པ་རྒྱག་ས་དེ་བྱང་རྩེ་གྲྭ་ཚང་གི་རོགས་རམ་ལ་རྟེན་ནས་བྱུང་ཡོད། འདིར་གྲྭ་ཤག་གསུམ་ཐོག་དང་། ཚོགས་ཁང་གསར་པ་བརྒྱབ་ཡོད། ཁང་ཚན་འདི་དོལ་རྒྱལ་བསྟེན་མཁན་དང་འབྲེལ་བ་གཙང་བཅད་བྱས་རྗེས་མཐུན་འགྱུར་སྒོར་གཅིག་ཀྱང་མེད། འོན་ཀྱང་མཁན་རིན་པོ་ཆེས་དབུ་ཞུགས་ཐོག་ཁྱེད་ཚོ་རུག་རུག་བྱེད་དགོས། ཞེས་བཀའ་ཕེབས་བྱུང་། སྐབས་དེར་མཁན་རིན་པོ་ཆེ་མཆོག་གིས་སྒོར་སྟོང་ཕྲག་བཅོ་ལྔ་ཞིག་གནང་བྱུང་། ཁང་ཚན་ནང་ཡོད་པའི་དགེ་འདུན་པ་ཚོས་རང་གིས་བློས་གཅད་ཀྱི་ཞལ་འདེབས་གནང་ནས་སྒོར་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཙམ་ལོང་བྱུང་བ་དེ་མར་རྩ་བཞག་ནས་སྐུའི་གསུང་འགྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ལ་འབོད་སྐུལ་ཞུས་ནས་ཨ་རིར་རིག་གཞུང་འཁྲབ་སྟོན་ཞིག་གོ་སྒྲིག་ཞུས་པ་རེད། ད་དུང་ཁང་ཚན་ལ་སྒོར་འབུམ་དྲུག་བཅུ་རེ་གྲངས་བུན་ལོན་ལྷག་སྡད་ཡོད། དམིགས་བརྟེན་གཙོ་བོ་དེ་ཨ་རིར་རིག་གཞུང་འཁྲབ་སྟོན་ཞིག་ཡོད་པ་དེ་རེད། ཅེས་ངོ་སྤྲོད་གནང་བྱུང་།