༢༠༡༤ ཟླ་ ༡༢ ཚེས་ ༢༩ རེས་གཟའ་་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ངག་དབར་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༥ ཉིན་གྱི་ཚན་མོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་ལས་བྱེད་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་མོན་རྟ་དབང་སེར་སྐྱ་མང་ཚོགས་ཀྱིས་༸གོང་ས་མཆོག་ལ་ཆེས་བསྟོད་ཀྱི་གཟེངས་རྟགས་ཕུལ་བའི་མཛད་སྒོར་མཉམ་ཞུགས་གནང་བ་མ་ཟད། མཛད་སྒོའི་ཐོག་གསུང་བཤད་ཀྱང་གནང་སོང་། གཞན་ཡང་དེ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁང་དུ་ཕྱོགས་ཞུགས་སྤྱི་འཐུས་ཨ་དཀྲུག་ཚེ་བརྟན་ལགས་དང་། ས་འཐུས་རྒྱུན་ལས། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་སྦྲེལ་ཚོགས་གཙོ། མཉམ་སྦྲེལ་ལས་བྱེད། དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ། གྲོང་སྡེ་དགུའི་སྤྱི་མི། སྨན་ཁང་ཁག་གི་འགན་འཛིན་དང་སྨན་པ་བཅས་ཚང་འཛོམས་ཐོག་ཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ས་གནས་གཞིས་མིའི་དཀའ་ངལ་ལ་བཀའ་ཤག་གི་གཟིགས་ཕྱོགས་དང་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་སོགས་སྐོར་གསལ་བཤད་གནང་བ་མ་ཟད། དྲི་བར་ལན་འདེབས་དང་གསལ་བཤད་སོགས་ཞིབ་ཕྲ་གནང་ཡོད། ལྷག་པར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་དཀའ་ངལ་གང་འཕྲད་བཞིན་ཡོད་པ་དང་ལས་གཞི་ཇི་འདྲ་འགྲོ་བཞིན་ཡོད་སྐོར། དེ་བཞིན་དཀའ་ངལ་དེ་དག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཇི་འདྲ་ཞིག་ལག་བསྟར་གནང་མིན་དང་འབྱུང་འགྱུར་འཆར་གཞི་གང་ཡོད་ཁ་གསལ་གསུང་སོང་།
དེ་བཞིན་ཕྱི་ཚེས་ ༢༧ གྱི་ཕྱི་དྲོ་ཆུ་ཚོད་ ༧ ཙམ་ལ་སྲིད་སྐྱོང་མཆོག་མོན་གྷོ་གཏན་སློབ་ཏུ་ཕེབས་སྐབས་སློབ་སྤྱིའི་སྐུ་ཚབ་ཀྱིས་གཙོས་དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་གྲུབ་བསྟུན་འཛིན་ཁང་གི་ཕྱི་རོལ་རྒྱལ་གླུ་གཏོང་ཡུལ་གྱི་རྭ་བའི་ནང་ལྷོ་སྤྱི་ཀརྨ་སེང་གེ་ལགས་དང་ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས། འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་བཅས་ཚང་འཛོམས་ཀྱིས་ཐོག་མར་སློབ་སྤྱིའི་སྐུ་ཚབ་ནས་ལས་བསྡོམས་སྒྲོག་སྦྱངས་ཞུས་རྗེས་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་གསུང་བཤད་གནང་། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེང་སྐབས་མོན་གྷོ་གཏན་སློབ་ཏུ་རེག་ཊར་མེད་པ་དང་། རེག་ཊར་གསར་པ་འདམ་རྒྱུ་དེ་དབུས་བོད་སློབ་འཛིན་ཚོགས་ལ་ཞུ་དགོས་ཀྱི་ཡོད་སྟབས་ཏོག་ཙམ་འགོར་རྒྱུ་ཡིན་པ་དང་། འབྱུང་འགྱུར་དབུས་བོད་སློབ་འཛིན་ཚོགས་མགྱོགས་མྱུར་རྩིས་ལེན་རྒྱུ་བྱུང་ན་སློབ་སྤྱི་དང་རེག་ཊར། དགེ་རྒན་སོགས་མེད་སྐབས་གསར་འདེམས་བྱ་རྒྱུའི་མཚོན་ལས་དོན་གང་ཅི་སྔར་བས་ཚགས་ཚུད་འགྲོ་རྒྱུ་ཡིན་སྐོར་དང་།
གཞན་ཡང་དེང་སྐབས་མོན་གྷོ་སློབ་གྲྭར་རྫས་འབྱོར་རིག་པའི་སློབ་དགེ་མེད་པར་ཡུན་རིང་ལུས་པ་དེར་སེམས་ཚབ་གནང་བ་དང་སྦྲགས་གསུང་དོན། ཁྱེད་ཚོར་རྫས་འབྱོར་རིག་པའི་དགེ་རྒན་མེད་པར་ཡུན་རིང་ལུས་འདུག དེར་བརྟེན་ཐེངས་འདིར་ཁྱེད་ཚོ་རྫས་འབྱོར་རིག་པའི་ཡིག་རྒྱུགས་ལ་དཀའ་ངལ་འཕྲད་སྲིད། ད་ལྟའི་ཆར་དཔེ་མཛོད་དོ་དམ་པས་རྫས་འབྱོར་རིག་པའི་དགེ་རྒན་གྱི་ཚབ་བྱས་ནས་སློབ་བཞིན་འདུག སྤྱིར་ང་ཚོས་ལྡི་ལིར་རྟེན་གཞི་བྱས་པའི་དབུ་བོད་སློབ་འཛིན་ཚོགས་ལ་བོད་མིའི་སློབ་གྲྭའི་ནང་ དཀའ་ངལ་དེ་དག་ཞུས་དང་ཞུ་མུས་ཡིན་ནའང་ལམ་སེང་གྲུབ་འབྲས་ཐོན་རྒྱུ་ཧ་ཅང་ཁག་པོ་འདུག དེ་སྔའི་རེག་ཊར་ཁོང་འཕར་རྒྱང་ཞུས་ཀྱང་དབུས་བོད་སློབ་འཛིན་ཚོགས་ཀྱི་སྒྲིག་གཞི་གསར་པའི་ནང་ལོ་བཞིའི་ཚད་གཞི་བཟོས་ཟིན་སྟབས་རེག་ཊར་བསྐྱར་བསྐོ་གནང་མ་བྱུང་། ཞེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། སློབ་ཕྲུག་ཚོས་ཉལ་ཐག་རིགས་ནམ་ཡང་སྤྱོད་རྒྱུ་མེད་པའི་ལམ་སྟོན་གསུང་བཤད་གནང་བསྟུན། དྲི་བ་རྣམས་ལ་ལན་འདེབས་གནང་།