༢༠༡༤ ཟླ་ ༡༢ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག སྤོག་ར་བཀྲ་ཤིས་གླིང་གཞིས་ཆགས་སུ་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༨ ནས་ཚེས་ ༡༥ བར་བལ་ཡུལ་ཁུལ་གྱི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་བཞིའི་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་བཅས་པར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར་གྱི་ལས་གཞི་ལེགས་གྲུབ་བྱུང་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བལ་ཡུལ་དུ་ས་གནས་ཁྲིམས་ཞིབ་ཁང་ཟུར་འཛུགས་གནང་ཐུབ་མེད་པར་བརྟེན། ད་བར་ས་གནས་འགོ་འཛིན་ཁག་ལ་ས་གནས་ཁྲིམས་ཞིབ་པའི་ལས་འགན་གཅིག་ལྕོགས་སུ་བསྐུར་ཡོད་པ་དེ་དག་གི་ཁྲིམས་ལུགས་ཤེས་བྱ་གོང་སྤེལ་དང་། ཁྲིམས་འཛིན་ལས་དོན་འཐུས་སྒོ་ཇེ་ཚང་དུ་གཏོང་སླད། མི་འགྲོ་ཆེད་གཏོང་གིས་ཐེངས་འདིའི་སྦྱོང་བརྡར་གོ་སྒྲིག་བྱས་པ་ཞིག་ཡིན་འདུག
ཐེངས་འདིའི་སྦྱོང་བརྡར་གྱི་སློབ་ཁྲིད་བྱེད་མཁན་དུ་བྱང་་ཕྱོགས་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་དང་། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་རྣམ་གཉིས་དང་། སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་བཅས་ཆེད་བསྐྱོད་གནང་ཡོད་པ་དང་། སྦྱོང་བརྡར་དུ་མཉམ་ཞུགས་གནང་མཁན་ཁོངས་གློ་སྒྲིག་བྱམས་དཔལ་བཀྲ་སྒང་དང་། བཀྲ་ཤིས་གླིང་། བཀྲ་ཤིས་དཔལ་འཁྱིལ། འཇོ་ཁེལ་བསམ་གྲུབ་གླིང་བཅས་གཞིས་ཁག་བཞིའི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་བཅས་ཡོད་པ་དང་། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་གི་ལས་དོན་དགོས་མཁོ་ལ་གཞིགས་ཏེ། ཐེངས་འདིར་སློབ་ཁྲིད་ཀྱི་གཙོ་གནད་དུ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་བཟུང་ཐོག། འབྲེལ་ཆགས་ཁྲིམས་སྒྲིག་ཁག་སྔོན་ཚུད་ལྟ་ཀློག་གི་བཀོད་མངགས་གནང་སྟེ་དྲི་བ་དྲིས་ལན་དང་། དོགས་གཅོད་ཀྱི་དུས་ཚོད་ཟུར་བཅད་བྱས་ཡོད་པ་དང་། ཉིན་གཉིས་རིང་ཁ་མཆུའི་བྱ་རིམ་དངོས་སྦྱོང་ཡང་བྱས་ཡོད་འདུག།
སྦྱོང་བརྡར་དང་སྟབས་བསྟུན་། སྤོག་ར་ཁུལ་གཞིས་ཆགས་ཁག་གསུམ་གྱི་ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་། སློབ་གྲྭ་དང་དགོན་སྡེ་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་བཅས་ཀྱི་གནད་ཡོད་མི་སྣ་ ༦༠ ཙམ་དང་ལྷན་བཞུགས་མོལ་ཚོགས་འདུ་བསྡུས་སྐོང་གིས། སྤྱི་ཁྱབ་ཁྲིམས་དྲུང་ནས་ཁྲིམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་དང་གནས་སྟངས་ངོ་སྤྲོད་གནང་། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པས་ཁྲིམས་ལུགས་ཀྱི་ལྟ་གྲུབ་དང་། མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་ངོ་སྤྲོད། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་པས་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོང་ཁྱབ་ཚད་དང་། ཁ་མཆུ་ཞུ་གཏུག་གི་གཞི་རྩའི་ཆ་རྐྱེན་ངོ་སྤྲོད་གནས་བསྡུས་རེ་བྱས་ཡོད། བཞུགས་མོལ་ཚོགས་འདུའི་ཐོག ཚོགས་བཅར་བས་བཙན་བྱོལ་བོད་མིའི་ཁྲིམས་ ལུགས་དབང་འཛིན་གྱི་ལས་དོན་ཚགས་ཚུད་ཡར་རྒྱས་གཏོང་ཕྱོགས་ལ་སྨན་པའི་དགོངས་འཆར་ལྷུག་པོར་གནང་ཡོད་པ་དང་། དོགས་འདྲི་བྱུང་རིགས་ལ་སྤྱི་ཁྱབ་ཁྲིམས་དྲུང་ནས་གསལ་བཤད་བྱས་ཡོད་འདུག།
ཐེངས་འདིར་སྦྱོང་བརྡར་དུ་ཆེད་བསྐྱོད་བྱས་པའི་སྤྱི་ཁྱབ་ཁྲིམས་དྲུང་དང་ཤར་བྱང་ས་གནས་ཁྲིམས་ཞིབ་པ་རྣམ་གཉིས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩིས་པ་བཅས་པར་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཁག་ནས་སྣེ་ལེན་མཐུན་འགྱུར་གང་ལེགས་གནང་འདུག་པ་དང་། སྦྱོང་བརྡར་སྐབས་འཁེལ་གྱི་ནོ་བེལ་ཞི་བདེའེ་གཟེངས་རྟགས་འབུས་བཞེས་ཀྱི་གཞུང་འབྲེལ་དུས་དྲན་ཉིན། དབུས་ནས་ཆེད་བསྐྱོད་བྱས་པའི་ལས་བྱེད་བཞི་བྱམས་པ་གླིང་གཞིས་ཆགས་ཀྱི་མཛད་སྒོར་ཆེད་བཅར་ཞུས་པ་དང་། ཉིན་རྒྱབ་བཀྲ་ཤིས་གླིང་གཞིས་ཆགས་ཀྱི་རིག་གཞུང་འཁྲབ་སྟོན་ལ་མཉམ་ཞུགས་གནང་ཡོད། །