༢༠༡༤ ཟླ་ ༡༢ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཐོག་མར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཧལ་ཧ་མི་ཚན་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་རྒྱ་གར་ནང་བཅའ་བཞུགས་སོག་པོའི་གཞུང་ཚབ་སྐུ་ཞབས་བྷ་ཡར་ (Bayar)མཆོག་དང་ཁལ་མུཀ་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག དེ་བཞིན་མཁན་བླ་སྤྲུལ་དང་དགེ་བཤེས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་ཚོགས་ཁང་གསར་པ་དབུ་འབྱེད་མཛད་ནས་བཞུགས་ཁྲིར་༧ཞབས་སོར་འཁོད་བསྟུན་བཀའ་སློབ་སྩལ་དོན། ང་ཚོ་བོད་མི་བཙན་བྱོལ་བ་ཆགས་ཡོད། ཨུ་རུ་སུ་དང་སོག་ཡུལ་དེ་དག་རིམ་བཞིན་རང་དབང་ཐོབ་ནས་ང་ཚོ་བོད་མི་བཙན་བྱོལ་བའི་གཞིས་སྒར་ཁག་ནང་དུ་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཡོད་པའི་བཤད་གྲྭ་གལ་ཆེ་བ་དེ་དག་གསར་འཛུགས་བྱས་ནས་སློབ་སྦྱོང་མུ་མཐུད་བྱ་རྒྱུ་ཡོད་པ་ཞིག་ཆགས་པ་རེད། ཁྱེད་རང་ཚོ་ཆེན་པོ་ཧོར་གྱི་ཡུལ་གྲུ་དང་དེ་བཞིན་ཧོར་གྱི་རིགས་ལ་རང་དབང་ཐོབ་ནས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་ཡོད་པའི་ཕ་མེས་ཀྱི་ཆོས་དང་རིག་གཞུང་ལ་དད་པ་གཡོ་བ་མེད་པར་གྲངས་ཅན་པས་མངོན་པར་མི་གསལ་བའི་མྱུ་གུ་ཟེར་བ་ལྟར་ཁྱེད་ཚོས་ཀྱང་དམར་པོའི་འོག་ཡོད་སྐབས་མངོན་པར་མི་གསལ་བའི་དད་པ་བརྟན་པོ་གནས་ཡོད།
ཁྱེད་ཚོར་ཕྱིས་སུ་གོ་སྐབས་བཟང་པོ་ཞིག་ཐོབ་སྟེ་རྐྱེན་བཟང་པོ་ཞིག་དང་འཕྲད་སྐབས་མངོན་པར་གསལ་བའི་མྱུ་གུ་ཆགས་པ་བཞིན་མངོན་གསལ་དོད་པོས་དད་པ་བྱེད་ཆོག་པ་ཞིག་ཆགས་ནས་རིམ་བཞིན་འདིར་བསླེབས་ནས་སློབ་གཉེར་ལ་དོ་སྣང་བྱས་པ་མ་ཟད། དགེ་འདུན་ཞལ་གྲངས་ཡར་འཕར་ཡོད། དེ་རིང་སྤྱི་ཁང་སྒོ་འབྱེད་ཀྱི་རྟེན་འབྲེལ་ཐོག་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སོག་པོའི་གཞུང་ཚབ་ཁོང་འདིར་ཕེབས་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིར་ཁྱེད་རང་ཚོ་དགེ་འདུན་པ་ཚོའི་ནང་མི་དང་སྦྱིན་བདག་སོགས་མང་པོ་ཞིག་བསླེབས་འདུག ཁྱེད་ཚོ་ཚང་མར་ཡང་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་དང་ཆེན་པོ་ཧོར་གྱི་ཡུལ་ཁག་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་འདི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་གཞུང་ཆེན་དེ་དག་ལ་ལོ་ཉི་ཤུ་སུམ་ཅུའི་རིང་སློབ་གཉེར་བྱེད་རྒྱུ་བོད་སོག་གཉིས་གཙོ་བོ་རེད། གང་ལྟར་ལོ་རྒྱུས་ཐོག་བལྟས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ང་ཡི་བསྟན་པ་འདི་བྱང་ནས་བྱང་དུ་དར་རོ། ཞེས་ལུང་འདྲེན་ཞིག་ཡོད་པ་དེར་མཁས་པ་ཚོས་གོ་བ་རྒྱག་སྟངས་དེ་བྱང་ནས་བྱང་དུ། ཞེས་པའི་བྱང་དང་པོ་དེ་བོད་ཡིན་པ་དང། ཧི་མཱ་ལ་ཡི་རི་རྒྱུད་བརྒལ་ནས་བོད་ལ་དར་བ་གོ བྱང་ནས་བྱང་དུ་ཟེར་རྒྱུ་དེ་སོག་པོའི་ཡུལ་ཁག་ལ་གོ་བ་ལེན་བཞིན་ཡོད།
བོད་གངས་ཅན་གྱི་ལྗོངས་ལ་སོག་པོའི་གྲྭ་རྒྱུན། བཀྲ་ཤིས་འཁྱིལ་དང་། སྐུ་འབུམ། དེ་ནས་དབུས་ཀྱི་གདན་ས་གསུམ། ཕལ་ཆེར་བཀྲ་ཤིས་ལྷུན་པོ་ལའང་ཡོད་ཚོད་འདུག གང་ལྟར་གདན་ས་གསུམ་པོའི་ནང་སོག་པོའི་གྲྭ་རྒྱུན་མི་རབས་ནས་མི་རབས་བརྒྱུད་དེ་བསླེབས་ཡོད། གདན་ས་གསུམ་ལ་ཡོད་པའི་སོག་རིགས་ནང་རྡོབ་རྡོབ་འཁྲབ་མཁན་ཧ་ལམ་མེད། གཞན་གདན་སའི་ནང་དཔེ་ཆ་ལྟ་མཁན་ངོ་མཚར་ཆེན་པོ་ཧ་ལས་པ་ཡོད་ཀྱང་རྡོབ་རྡོབ་འཁྲབ་མཁན་མང་པོ་ཡོད། ཕལ་ཆེར་སོག་པོ་རྡོབ་རྡོབ་འཁྲབ་མཁན་ངོས་ཀྱི་གོ་མ་མྱོང། ཕྱིས་སུ་གདན་སའི་ནང་སོག་པོ་ཉུང་ཉུང་རེད། སྔ་མོ་བོད་ནང་དུ་སོག་པོ་བརྒྱ་ཕྲག་ཡོད་སྐབས་སོག་པོ་རྡོབ་རྡོབ་འཁྲབ་མཁན་ཧ་ལམ་གོ་མ་མྱོང་། སོག་པོ་ཟེར་དུས་ཨུ་ཚུགས་ཚ་པོ་དང་དངོས་གནས་དཔེ་ཆ་ལྟ་རྒྱུར་དཀའ་ལས་རྒྱག་མཁན་གཅིག་ལ་ང་ཚོས་ངོས་འཛིན་གྱི་ཡོད། དཀའ་ལས་དེ་འདྲ་བརྒྱབ་ནས་མཁས་པ་མང་པོ་ཐོན་ཡོད། ངོས་རང་དྲན་ཐོག་ལ་ངོས་རང་ཆུང་དུས་བོད་ནང་ཡོད་སྐབས་གདན་སའི་ནང་སྒོ་མང་གྲྭ་ཚང་དང་སེར་བྱེས་གཉིས། ལྷག་པར་སྒོ་མང་གྲྭ་ཚང་ནང་སོག་རིགས་མཁས་པ་དགེ་བཤེས་དངོས་གནས་ཧ་ལས་དགོས་པ་མང་པོ་ཡོད། ཁོང་རང་ཚོའི་ནང་ནས་སྒོ་མང་འདུལ་བ་མཁན་པོ་དང་སྒོ་མང་མཁན་པོ། ངོས་ཀྱིས་རེ་རེ་བཞིན་བརྗོད་དགོས་པ་གང་ཡང་མི་འདུག
ཕྱི་ལོ་ ༡༩༥༩ ལོའི་ཟིང་འཁྲུག་སྐབས་ཐུབ་བསྟན་ཉི་མ་སྒོ་མང་འདུལ་བའི་མཁན་པོ་རེད། རྒན་ལེགས་ལྡན་སྒོ་མང་མཁན་པོ་རེད། སོག་པོ་ཡི་ཤེས་རྒྱུད་པའི་བླ་མ་དབུ་མཛད་རེད། ཁོང་སོག་པོའི་དགེ་བཤེས་གཞོན་ཤོས་ཡིན་པ་མ་ཟད། དཔེ་ཆ་ཡང་ཧ་ཅང་ཡག་པོ་འདུག སྐབས་དེར་རྒན་ཡེ་ཤེས་དང་སེར་བྱེས་དགེ་བཤེས་ངག་དབང་དགེ་འདུན་གཉིས་ལྷ་རམས་མཉམ་དུ་འཁེལ་ཡོད། ཁོང་གཉིས་ནས་རྒན་ངག་དབང་དགེ་འདུན་གཞུང་ཆེན་ཁག་ལ་གཟིགས་རྒྱ་ཆེ་བ་ཡོད་འདུག འོན་ཀྱང་སོག་པོ་ཡེ་ཤེས་གཞུང་ཆེན་ཁག་ལ་ཞིབ་ཚགས་པ་དང་སྤུས་དག་པ་འདུག ཅེས་སྐབས་དེའི་མཚན་ཞབས་ཚོས་དེ་འདྲ་གསུངས་ཀྱི་འདུག དངོས་གནས་མཁས་པ་མི་རབས་ནས་མི་རབས་རྒྱུན་མཐུད་ནས་བྱུང་བ་རེད། ངོས་རང་སྒེར་ལ་ཆ་མཚོན་ན་བོད་ནང་དཔེ་ཆ་ལྟ་སྐབས་འགོ་སྟོད་དུ་ཡོངས་འཛིན་ཆེ་བ་རྟ་བྲག་རིན་པོ་ཆེ་དང་ཡོངས་འཛིན་ཆུང་བ་གླིང་རིན་པོ་ཆེ་རེད། མཚན་ཞབས་བདུན་ཡོད། མཚན་ཞབས་བདུན་ནང་ནས་དཔེ་ཆ་ཡག་ཤོས་དེ་ནང་སོག་ནས་ཡིན་པ་དགེ་བཤེས་དངོས་གྲུབ་ཚོགས་གཉིས་རེད། ལྷ་རམས་ཨང་དང་པོ་རེད། ཁོང་དགེ་བཤེས་ལྷ་རམས་དམ་བཅའ་འཇོག་སྐབས་འབྲས་སྤུངས་སྒོ་མང་ནས་དགེ་བཤེས་སོག་པོ་ཆོས་གྲགས་མཉམ་དུ་འཁེལ་འདུག ཕྱིས་སུ་དངོས་གྲུབ་ཚོགས་གཉིས་ཀྱིས་ངོས་ལ་འདི་ལྟར་གསུངས་བྱུང་།
ཞོགས་པ་རྣམ་འགྲེལ་དམ་བཅའ་འཇོག་སྐབས་རྒན་ཆོས་གྲགས་ཧ་ལས་པའི་ངེས་པོ་འདུག ཅེས་བརྗོད་བྱུང་། ཨང་དང་པོ་དེ་ཁོང་ལ་ཤོར་སོང་བསམས་པ་དྲན་འདུག དེ་ནས་ཉིན་གུང་དབུ་འཕར་དམ་བཅའ་འཇོག་སྐབས་ཡག་པོ་ཡོད་ཀྱང་སྔ་དྲོ་རྣམ་འགྲེལ་དམ་བཅའ་འཇོག་པ་ནང་བཞིན་མེད་སྟབས་ཨང་དང་པོ་ཐོབ་རྒྱུའི་རེ་བ་ཏོག་ཙམ་བྱུང་། ཞེས་གསུངས་བྱུང། དེ་རྗེས་རྒན་ཆོས་གྲགས་ཀྱིས་མཛོད་བདུན་དམ་བཅའ་འཇོག་སྐབས་དེ་ཙམ་ཡག་པོ་མེད་སྟབས་ཨང་དང་པོ་དེ་ཁོང་ལ་ཐོབ་བྱུང་བསམས་པ་བྱུང་འདུག ངོས་ལ་རྟགས་གསལ་དང་གཞུང་སློབ་མཁན་གཙོ་བོ་དངོས་གྲུབ་ཚོགས་གཉིས་ཡིན། དངོས་གྲུབ་ཚོགས་གཉིས་དབུ་མའི་ལྟ་བར་ཐུགས་སྣང་ཧ་ཅང་ཆེན་པོ་ཡོད་པ་ངོས་ཀྱིས་གསལ་པོ་དྲན་གྱི་འདུག རྟེན་ནས་བྱུང་བའི་རྒྱུ་མཚན་གྱིས། ཐར་ལྟ་བ་ལ་མི་བརྟེན་ཞེས། ལེགས་གསུང་འདི་ནི་མགོན་ཁྱེད་ཀྱི། སྨྲ་བ་བླ་ན་མེད་པའི་རྒྱུ། ཞེས་པ་འདི་རྒན་གྱིས་སྐྱོར་གྱི་རེད། རྒན་གྱིས་ཚིག་འདི་གོ་ཁག་པོ་དང་སེམས་ལ་ངེས་པ་ཐོབ་པ་ཞིག་ཡོང་གི་མི་འདུག ཅེས་གསུངས་མྱོང་ཡོད། གང་ལྟར་རྒན་དབུ་མའི་ལྟ་བར་དམིགས་བསལ་གྱི་དོ་སྣང་ཡོད། དེས་ངོས་ལ་ཤུགས་རྐྱེན་ཧ་ཅང་ཐེབས་བྱུང་། སོག་པོའི་མི་རིགས་གཅིག་གི་ངོས་ནས་བཤད་ནའང་། སོག་པོའི་ནང་ལ་ཆོས་དད་མེད་མཁན་དང་ཆོས་འདྲ་མིན་བྱེད་མཁན་ཡང་ཡོང་གི་ཡོད། འོན་ཀྱང་བོད་མི་ལྟར་སོག་པོ་མི་རིགས་སྤྱིའི་ཆ་ནས་བརྗོད་ན་སོག་པོ་དེ་ནང་པའི་ལུང་པ་རེད། དེ་བཞིན་བོད་པའི་ནང་ལ་ཆོས་འདྲ་མིན་བྱེད་མཁན་དང་ཆོས་ཁས་མི་ལེན་མཁན་ཡང་ཡོད་ཆོག བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ནས་མི་རིགས་ཀྱི་རྣམ་པ་འཐོན་རྒྱུ་གཙོ་བོ་དེ་ནང་ཆོས་ཆགས་ཡོད། སོག་པོ་ཚོ་ཡང་དེ་མཚུངས་རེད།
དེང་སང་དུས་རབས་ཉེར་གཅིག་ནང་སངས་རྒྱས་ཀྱི་ཆོས་དེ་ལྟ་གྲུབ་ཡོད་མཁན་ཆོས་ལུགས་གཙོ་ཆེ་བ་བཅུ་གྲངས་ཤིག་ཡོད་ཁོངས་ནས་གཅིག་ཡིན། དེ་དག་ཚང་མས་མིར་ཕན་གྱི་ཡོད། དེའི་ནང་ནས་སངས་རྒྱས་ཀྱི་ཆོས་དེ་དངོས་ཡོད་གནས་ཚུལ་རིག་པའི་ལམ་ནས་བརྟག་དཔྱད་བྱས་ནས་གཏན་ལ་ཕབ་ཀྱི་ཡོད་པ་དང་། འགྲེལ་བཤད་ཀྱང་རིག་པའི་ལམ་ནས་རྒྱག་རྒྱུ་ཡོད། འདི་ནང་པ་སངས་རྒྱས་པའི་ཆོས་འདི་གཅིག་པུ་རེད། དེའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཡག་ཤོས་ཆགས་ཡོད། འཛམ་གླིང་འདིའི་ནང་ཆོས་བརྒྱུད་མི་འདྲ་བ་མང་པོ་ཞིག་ཡོད་ཁོངས་ནས་རིག་པའི་ལམ་ནས་འགྲེལ་བཤད་ཡག་ཤོས་རྒྱག་རྒྱུ་ཡོད་པ་དེ་བོད་དང་སོག་པོར་ཡོད་པའི་ནང་ཆོས་དེ་ཆགས་ཡོད། ཆོས་ལུགས་གཙོ་ཆེ་བ་མི་འདྲ་བཅུ་གྲངས་ཤིག་ཡོད་ཁོངས་ནས་ཚན་རིག་ཐོག་ནས་སེམས་ཁམས་རིག་པ་དང་དངོས་ཁམས་རིག་པ་འགྲེལ་བཤད་རྒྱག་རྒྱུ་ཡོད་མཁན་ཕལ་ཆེར་ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་པུ་ཡིན་པ་ལྟ་བུ་འདུག དེར་བརྟེན་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཡོད་པའི་ནང་ནས་ཚན་རིག་གི་སྡེ་ཚན་ཟུར་དུ་ཕྱེ་ཐུབ་རྒྱུ་ཡོད།
བར་སྐབས་ང་ཚོས་ཚན་རིག་སྡེ་ཚན་ཟུར་དུ་ཕྱེ་ཡོད། ཚན་རིག་སྡེ་ཚན་དེ་ནང་པ་གཅིག་པུའི་སྐད་ཆ་མིན། དེ་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་གཅིག་རེད། དེར་བརྟེན་ནང་པའི་ཆོས་འདི་ཚན་རིག་གི་དངོས་ཡོད་གནས་ཚུལ་གཞིར་གཞག་པའི་ཐོག་ལ་ལམ་བགྲོད་པའི་རིམ་པ་བྱས་ནས་འབྲས་བུ་མངོན་དུ་བྱ་ཚུལ་ཤོད་ཀྱི་ཡོད། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་འདི་ནང་པ་ཙམ་དུ་མ་ཟད། ཆོས་དད་མེད་མཁན་ཚོ་ལའང་སེམས་ཁམས་རིག་པ་དེ་ཚོའི་ཐོག་ནས་ཕན་ཐོགས་ཡོང་ཐུབ་པ་ཞིག་ཆགས་ཡོད། དེར་བརྟེན་དེང་སྐབས་ཚན་རིག་པ་མཁས་པ་སྐད་གྲགས་ཡོད་པ་མང་པོ་ཞིག་གིས་ནང་པའི་ཆོས་ཀྱི་ནང་ནས་སེམས་ཁམས་རིག་པའི་སྐོར་དང་ལྟ་གྲུབ་རྣམ་གཞག་གསུང་པ་དེ་དག་ལ་ཧ་ཅང་དོ་སྣང་བྱེད་ཀྱི་འདུག དེ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་རེད་མ་གཏོགས། དེ་ལས་ལོགས་སུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཞིག་གང་ཡང་མེད། ཅེས་གསུངས། དེར་བརྟེན་ཁྱེད་རང་ཚོ་ཧོར་གྱི་ཡུལ་ཁག་ནས་རྒྱ་གར་ལ་འབྱོར། དེའི་ནང་ནས་རྒྱ་གར་ལྷོ་ཕྱོགས་ཚ་བའི་ལུང་པ་ཞིག་ནང་བསྡད་ནས་དཀའ་ལས་ཡག་པོ་རྒྱག་དགོས། དཔེ་ཆ་ཡག་པོ་ལྟོས་ཤོག་ཨང་།
འདིར་ཁྱེད་རང་ཚོ་སྡོད་རིང་ལ་སེམས་སྐྱོ་བོ་བྱས་ནས་ཤ་རྒྱག་པ་བཟའ་རྒྱུ་སོགས་མེད། རྟའི་འོ་མ་འཐུང་རྒྱུ་ནི་མེད། ད་ཚ་བ་འདིའི་ནང་སྡོད་དགོས་འདུག་བསམས་ནས་སེམས་སྐྱོ་བོ་གཅིག་ཐོག་ནས་དཔེ་ཆ་ཡག་པོ་ལྟོས་ཤོག་ཨང། མཁས་པ་སློབ་པའི་དུས་ན་སྡུག ཅེས་སློབ་སྦྱོང་བྱེད་རིང་དཀའ་ངལ་ཡོད། ཤེས་ན་རིན་ཆེན་གསེར་ལས་དྲིན། ཞེས་ཡག་པོ་གཅིག་ཤེས་ན། གསེར་དངུལ་བརྒྱ་ཕྲག་སྟོང་ཕྲག་ཡོད་པ་ལས་རྩ་ཆེ་བ་ཡོད་གསུངས་པ་རེད། ཁྱེད་རང་ཚོས་འདིར་སློབ་སྦྱོང་ཡག་པོ་གཅིག་བྱས་ནས་སློབ་སྦྱོང་ཐོན་མཚམས་ཁྱེད་ཚོ་རིགས་འགའ་ཤས་གྲྭ་སར་བསྡད་ནས་དཔེ་ཆ་འཁྲིད་རྒྱུ་དང་། རིམ་བཞིན་མཁན་པོ། རྒྱུད་པར་ཞུགས་པ་ཡིན་ན་རྒྱུད་པའི་མཁན་པོ་བྱེད་མཁན་རིགས་གཅིག་ཡོང་གི་རེད། རིགས་གཅིག་སོ་སོའི་ཕ་ཡུལ་ལ་ཕར་ལོག་ནས་ཧོར་གྱི་ཡུལ་ཁག་ ཕྱི་སོག་དང་ནང་སོག དེ་བཞིན་རུ་སུའི་ཁོངས་ཀྱི་ཐུ་ཝ། བྷུར་ཡ་ཏི། ཁལ་མུཀ ལ་སོགས་པ་ཕ་མེས་ནས་ནང་ཆོས་ཀྱི་རྗེས་སུ་ཞུགས་མཁན་གྱི་ཡུལ་གྲུ་ཁག་གི་ནང་བསྟན་པ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གཏོང་རྒྱུའི་འགན་འཁྱེར་དགོས། སོག་པོ་མགོ་ལེབ་ཡོད་མཁན་མང་པོ་ཡོད་ཀྱང་དེ་རིང་འདིར་སོག་ཕྲུག་མགོ་ལེབ་ཡིན་མཁན་མང་པོ་མིན་འདུག སོག་པོ་ཆུང་དུས་ཨ་མས་མགོ་ལེབ་བཟོ་གྱི་རེད། ཟེར་བ་ངོས་ཀྱི་གོ་མྱོང་། སྔ་མོ་གསེར་ཀོང་རྡོ་རྗེ་འཆང་ ཕྱག་དཔེ་ཧ་ཅང་ཡག་པོ་རེད། ཁོང་གིས་གྲངས་ངེས་ཡིན་ན་གང་ལྟར་གཞུང་ཆེན་ཞིག་འཁྲིད་སྐབས་དོགས་གཅོད་གནང་སྐབས་མདུན་གྲལ་ལ་བླ་མ་དགེ་བཤེས་མང་པོ་ཡོད་ཀྱང་དྲི་ལན་ཕུལ་མཁན་བྱུང་མེད། གྲལ་མཇུག་ཏུ་སོག་པོའི་གྲྭ་པ་གཅིག་གིས་ཡར་ལང་ནས་དྲི་ལན་ཞུས།སྐབས་དེར་གསེར་ཀོང་རྡོ་རྗེ་འཆང་ཧ་ཅང་མཉེས་པོ་བྱུང་ནས་མགོ་བོ་གྲུ་བཞི་འདི་ཡར་ཤོག་དང་། ཞེས་གསུངས་པའི་ལོ་རྒྱུས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
སྤྱིར་དེང་སྐབས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་སོག་པོའི་དགེ་འདུན་པ་ ༣༠༠ ལྷག་ཙམ་ཡོད་འདུག དེ་ཡང་ཐུ་ཝ་ནས་དགེ་འདུན་ཞལ་གྲངས་ ༡༦ དང་། བྷུར་ཡ་ཏི་ནས་དགེ་འདུན་ཞལ་གྲངས་ ༦༢ །ནང་སོག་ནས་དགེ་འདུན་ཞལ་གྲངས་ ༩ ། སོག་པོ་ནས་དགེ་འདུན་ཞལ་གྲངས་ ༢༩༣ དང་། ཁལ་མུཀ་ནས་ ༨། ཨུ་རུ་སུ་ནས་ ༣། བཅས་ཁྱོན་བསྡོམས་ ༣༨༨ ཙམ་འདུག
དེ་རྗེས་༧གོང་ས་མཆོག་ཡིད་བློ་རིན་པོ་ཆེ་མཆོག་གིས་གསར་བཞེངས་གནང་བའི་མཚམས་ཁང་གསར་པ་ཡོད་སར་ཆིབས་སྒྱུར་བསྐྱངས། མཚམས་ཁང་གསར་པ་དེར་༧ཞབས་སོར་འཁོད་བསྟུན་ཡིད་བློ་ རིན་པོ་ཆེ་མཆོག་གིས་དབུས་འབྲེལ་ཡོད་རྣམ་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་ཡང་ཐོག་མར་༧གོང་ས་མཆོག་གིས་མཚམས་ཁང་དབུ་འབྱེད་མཛད། དེ་རྗེས་མཚམས་ཁང་ནང་གཟིགས་ཞིབ་མཛད་པ་དང་སྦྲགས། བཀའ་སློབ་ཕེབས་དོན། སྡེ་ར་ལྡུན་ལ་ས་སྐྱའི་མཚམས་ཁང་ཧ་ལས་པའི་ཡག་པོ་གཅིག་ཡོད། སྔ་མོ་ངོས་རང་དེར་ཕྱིན་པ་ཡིན། ཕྱིས་སུ་བོད་ནས་ཡོང་བའི་ས་སྐྱའི་དགེ་འདུན་པ་ཞིག་ཐུག་བྱུང་། དེས་བོད་ལ་ཡོད་སྐབས་མཚམས་ཁང་ཧ་ཅང་སྐྱིད་པོ་གཅིག་ཡོད་རེད། ཅེས་གོ་ཐོས་བྱུང་བས་རྒྱ་གར་ནང་ཡོང་བ་ཡིན། ཞེས་བརྗོད་ཀྱི་འདུག མཚམས་ཁང་ནང་ཡོང་བ་དེ་སྐྱིད་པོ་གཏོང་ཆེད་མིན། འདིར་སྡོད་དགོས་དོན་རབ་ལ་རྟོགས་པ་སྐྱེ་ཐུབ་པ་གཅིག་དང་ལམ་སྣེ་ཟིན་ཐུབ་པ་ཞིག་དགོས། མཐའ་མ་ལམ་སྣེ་ཟིན་མ་ཐུབ་ནའང་དངོས་སུ་སྦྱངས་ནས་ལོ་གསུམ་ཆོས་གསུམ་དེ་འདྲ་མི་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དགའ་ལྡན་བྱང་རྩེ་གྲྭ་ཁང་དུ་སླར་ཡང་༧ཞབས་སོར་འཁོད་ནས་ཆོས་འབྲེལ་འཕྲོ་སྐྱོང་མཛད།
་