༢༠༡༠ ཟླ་ ༨ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༤ ཉིན་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་དོན་གྲུབ་སྒྲོལ་མ་ལགས་དང་འཇིགས་མེད་ནོར་བུ་ལགས་གཉིས་ཀྱིས་སྦེང་ལོར་དུ་རྟེན་གཞི་བྱས་པའི་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དབུས་ངལ་སེལ་ཚོགས་པའི་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དུ་(Institute for small trade learning) བསྟི་གནས་ཁང་དེའི་དགེ་སློབ་ཁྱོན་མི་གྲངས་ ༦༠ ཙམ་ལ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་ངོ་སྤྲོད་དང་ལྷག་པར་བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་ཆུའི་གནད་དོན། བོད་ནང་རྩ་ཐང་དང་འབྲོག་པ་རྩ་ཐོར་འགྲོ་བཞིན་པ། རང་འབྱུང་གཏེར་དངོས་སྔོག་འདོན་བྱས་དང་བྱེད་མུས་ཡིན་པའི་གནས་ཚུལ་སྐོར་ལ་ཆུ་ཚོད་གཉིས་ཙམ་རིང་གཏམ་བཤད་གནང་རྗེས་དྲི་བ་དྲིས་ལས་ལྷུག་པོ་གནང་འདུག ཕྱི་ཚེས་ ༢༥ ཉིན་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་སྦེང་ལོར་འཕགས་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་བཙན་བྱོལ་དུ་མི་ལོ་ ༥༠ རིང་གི་པར་རིས་འགྲེམས་སྟོན་གནང་ཡོད།
སྐབས་དེར་དོན་གྲུབ་སྒྲོལ་མ་ལགས་ཀྱིས་བོད་མཐོ་སྒང་གི་གལ་གནད་སྐོར་དང་། བོད་ནང་གི་ཁོར་ཡུག་གནས་སྟངས་ལ་འགྱུར་འགྲོས། དེ་བཞིན་གནམ་གཤིས་འགྱུར་ལྡོག་གིས་བོད་མཐོ་སྒང་དང་། མཐོ་སྒང་བོད་ཀྱི་རྒྱུག་ཆུ་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་རྒྱལ་ཁབ་ཐོག་ཤུགས་རྐྱེན་འདྲ་ཡོང་གི་ཡོད་མེདསྐོར་ལ་གཏམ་བཤད་གནང་རྗེས། བོད་ནང་འཁྱགས་རོམ་བཞུར་བཞིན་པ། ཞེས་པའི་དངོས་འབྱུང་གི་གློག་བརྙན་ཞིག་ཀྱང་མང་ཚོགས་ལ་བསྟན་འདུག དེ་ཉིན་སྐུ་མགྲོན་གཙོ་བོ་ས་གནས་གྲོས་ཚོགས་ཀྱི་འཐུས་མི་རོ་ཤཱན་བྷེག་ (Roshan Baig) མཆོག་ཕེབས་ཡོད་པ་བཅས།།