༢༠༡༤ ཟླ་ ༡༢ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །འདི་ག་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ཁུལ་དུ་ཆིབས་སྒྱུར་བསྐྱངས་ནས་ཕྱི་ཚེས་ ༢༡ ཉིན་སྦེང་ལོར་ཉེ་འགྲམ་ཏུམ་ཀུར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གྲྭའི་ནང་གཙུག་ལག་སློབ་གྲྭ་དང་སེར་བྱེས་མཁས་སྙན་གྲྭ་ཚང་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་མཛད་སྒོ་ཞིག་ལ་ཆིབས་སྒྱུར་བསྐྱངས་ནས་སྟོང་ལོ་གསར་པའི་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་སྦེང་ལོར་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༢༠༠ ལྷག་གི་སར་ཡོད་པའི་ཌེ་ཝ་ན་གི་རིའི་ (Davanagere ) གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་ ༢༢ མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་ནས་ཕྱི་ཚེས་ ༢༣ ནས་སྔོན་ལོའི་བྱང་ཆུབ་ལམ་རིམ་ཆེན་མོའི་ཆོས་འབྲེལ་འཕྲོ་སྐྱོང་མཛད་རྒྱུ་ཡིན་འདུག
དེ་ཡང་གསར་འགོད་པས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ལྷོ་སྤྱི་ཀརྨ་སེང་གེ་ལགས་སུ་༸གོང་ས་མཆོག་གི་མཛད་འཆར་སྐོར་བཅར་འདྲི་ཞུ་སྐབས་ཁོང་གིས་གསུང་དོན། སང་ཉིན་ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་སྦེང་ལོར་གནམ་ཐང་དུ་༸ཞབས་སོར་འཁོད་རྒྱུ་དང་། སྐབས་དེར་ལམ་རིམ་བཀའ་ཆོས་གོ་སྒྲིག་ཞུ་མཁན་གཙོ་བོ་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ཕྲན་རང་ཉིད། དེ་བཞིན་མོན་གྷོ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན། གཞན་ཡང་འབྲེལ་ཡོད་ཁག་ནས་ཕེབས་བསུའི་སྣེ་ལེན་ཞུ་རྒྱུ་དང་། དེ་རྗེས་ཝིན་སར་མེ་ནོན་ (Windsor Manor) མགྲོན་ཁང་ནང་ཆིབས་སྒྱུར་བསྐྱང་རྒྱུ་དང་། སྐབས་དེར་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དང་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་དགོན་སྡེ་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་འགོ་འཛིན་རྣམ་པ། དེ་བཞིན་ས་གནས་བོད་རིགས་སེར་སྐྱ་མང་ཚོགས་བཅས་ཀྱིས་ཕེབས་བསུ་ཞུ་རྒྱུ་ཡིན་འདུག དེ་ཉིན་དམིགས་བསལ་མཛད་འཆར་གང་ཡང་མེད།
ཕྱི་ཚེས་ ༢༡ ཉིན་ཏུམ་ཀུར་གཙུག་ལག་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༢༣ ནས་ ༢༨ བར་མོན་གྷོར་ཆིབས་སྒྱུར་བསྐྱངས་ནས་ལམ་རིམ་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་རེད། ཁུལ་དེར་ཆོས་འབྲེལ་ལས་གཞན་པའི་མཛད་འཕྲིན་ད་ལྟའི་འཆར་གཏན་འཁེལ་བ་ནི། མོན་རྟ་དབང་དགོན་པས་གོ་སྒྲིག་འོག དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་དུ་ཐོག་མར་བཙན་བྱོལ་ལ་༸ཞབས་སོར་འཁོད་བསྟུན་མོན་རྟ་དབང་ཁུལ་དུ་སྐབས་དེར་ཆོས་འབྲེལ་ཞིག་སྩལ་ནས་ད་ཆ་མི་ལོ་ཧྲིལ་པོ་ ༥༥ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་མོན་གྷོ་གཞིས་ཆགས་སུ་གོ་སྒྲིག་གནང་གཏན་འཁེལ་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་བཅར་རྒྱུ་རེད། ཕྱི་ཚེས་ ༢༩ ཉིན་༸གོང་ས་མཆོག་གི་མཛད་འཕྲིན་ཇི་བསྐྱང་ད་ལྟའི་འཆར་ཁ་གསལ་བརྗོད་མི་ཐུབ་ཀྱང་། ཉིན་དེར་མོན་གྷོར་ཞུགས་བཞག་མཛད་རྗེས་ཕྱི་ཚེས་ ༣༠ ཉིན་ཁུལ་དེ་ནས་པུ་ན་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་འདུག