༢༠༡༤ ཟླ་ ༡༢ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་གྷོ་ཝར་ (Goa) གྷོ་ཝ་མངའ་སྡེ་གཞུང་དང་རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་ (India Foundation) གིས་གོ་སྒྲིག་གནང་བའི་ ༢༠༡༤ ལོའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ (Prestigious India Ideas Conclave 2014) ཞེས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མགྲོན་འབོད་ཞུས་ཡོད་པ་ལྟར་ལྷན་ཞུགས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༢༠ ཉིན་སྲིད་སྐྱོང་མཆོག་གིས་ལྷན་ཚོགས་ཐོག་ལྷོ་ཨེ་ཤི་ཡའི་ནང་ཞི་བདེ་རྒྱུན་གནས་བསྐྲུན་ཐབས། Enduring Peace in South Asia ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག ལྷན་ཚོགས་དེའི་ཐོག་་འཛམ་གླིང་གི་དབུ་ཁྲིད་དང་། གཞུང་ཚབ་པ། སྙན་གྲགས་ཅན་གྱི་གསར་འགོད་པ། རྩོམ་པ་པོ། ཆོས་ལུགས་ཀྱི་དབུ་ཁྲིད་སོགས་མཉམ་ཞུགས་གནང་གི་ཡོད་པ་མ་ཟད། ཁོང་་རྣམ་པས་དུས་རབས་ ༢༡ པའི་ནང་གི་མང་གཙོ་དང་། རྒྱ་གར་ནང་དཔལ་འབྱོར་སླར་གསོ། ཆོས་ལུགས། བཟོད་སྲན་དང་འཇིགས་སྐུལ། ཆབ་སྲིད་དང་གསར་འགྱུར་བརྒྱུད་ལམ་གསར་པ་བཅས་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
གཞན་ཡང་ལྷན་ཚོགས་ཐོག་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་སུ་ཤི་མ་ས་ཝ་རཱཇ་Sushma Swaraj མཆོག་གིས་གཙོས་ཚོང་ལས་དང་བཟོ་གྲྭའི་བློན་ཆེན་ལྕམ་སྐུ་ནིར་མ་ལ་སི་ཐ་ར་མན་ Nirmala Sitharamanམཆོག་དང་། ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ Ravi Shankar Prasadནུས་ཤུགས་བློན་ཆེན་སྐུ་ཞབས་པི་ཡུ་ཤི་གོ་ཡལ་ Piyush Goyalམཆོག་དང་། དེ་བཞིན་བརྙན་འཕྲིན་གྱི་འགྲེལ་བརྗོད་པ་དང་གསར་འགོད་པ་གྲགས་ཅན་ཁག་གཅིག་སོགས་མཉམ་ཞུགས་གནང་རྒྱུ་དང་།
དེ་མིན་འཛམ་གླིང་གི་དབུ་ཁྲིད་ཁོངས་སུ་ Jordanརྒྱལ་ཁབ་ཀྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨབ་ཌེལ་ས་ལམ་ཨལ་མ་ཇ་ལི་Abdelsalam Al-Majaliམཆོག་དང། Slovenia སོལ་ཝི་ནི་ཡའི་སྲིད་བློན་ཟུར་པ་སྐུ་ཞབས་Aloj Peterle མཆོག འབྲུག་ཡུལ་གྱི་སྲིད་བློན་ཟུར་པ་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག ནེ་ཌར་ལེན་ཌིའི་ Netherlandཡི་སྲིད་བློན་ཟུར་པ་སྐུ་ཞབས་རུད་ལུ་བྷེན་སི་ Ruud Lubbensམཆོག་སོགས་ལྷན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག