༢༠༡༤ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༩ ཉིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་ཆེད་ལས་འཆར་གསར་པ་ཞིག་གི་ཐོག་རོགས་དངུལ་ཨ་སྒོར་ས་ཡ་གསུམ་བཀའ་འཁྲོལ་གནང་རྒྱུའི་གསལ་བསྒྲགས་གནང་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་སྔོན་རྩིས་རྒྱས་བཅད་ཁྲིམས་འཆར་ནང་འཁོད་པའི་བཀའ་འཁྲོལ་དངུལ་འབབ་འདི་དག གོ་ལའི་འཕྲོད་བསྟེན་ལས་གཞི་དང་། ཡར་རྒྱས་རོགས་རམ། དཔལ་འབྱོར་རོགས་སྐྱོར་མ་དངུལ། ཕྱི་མི་གནས་སྤོ་དང་སྐྱབས་བཅོལ་རོགས་སྐྱོར་བཅས་ཀྱི་ལས་གཞི་བརྒྱུད་བོད་མིའི་རིག་གཞུང་གོང་འཕེལ་དང་སྲུང་སྐྱོབ། རྒྱ་བལ་གཉིས་ནང་གནས་པའི་བོད་མི་ཚོའི་གནས་བབ་སྐྱར་གསོ་དང་། འབྱུང་འགྱུར་བོད་མིའི་འགོ་ཁྲིད་གསོ་སྐྱོང་དང་བོད་མི་གཞོན་སྐྱེས་ཚོའི་ཤེས་ཡོན་དང་ནུས་པ་གོང་སྤེལ་ཆེད་ཡིན་པ་འགྲེལ་བརྗོད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ལ་སླར་ཡང་ལས་གཞི་གསར་པ་འདི་བརྒྱུད་བོད་མིར་རོགས་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་འདུག
ཕྱི་ལོ་ ༢༠༡༡ ལོར་སྲིད་སྐྱོང་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བཞེས་པ་ནས་བཟུང་ད་བར་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་ཌི་སི་ Washington, DC ནང་ཐེངས་ལྔ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། སྲིད་སྐྱོང་མཆོག་དང་བྱང་ཨི་རིའི་སྐུ་ཚབ་དོན་གཅོད་གཉིས་ནས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི། གཞན་ཡང་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་སྐབས་བོད་དོན་ཞུ་གཏུགས་ཤུགས་ཆེ་གནང་ཡོད།
དེ་སྔའང་ཨ་རིའི་སྲིད་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དང་འཕྲོད་བསྟེན། ཕྱི་དྲིལ་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་དྲ་རྒྱའི་ཉེན་སྲུང་བཅས་ཀྱི་ཆེད་རོགས་སྐྱོར་གནང་ཡོད། ཨ་རིའི་སྲིད་གཞུང་དང་གྲོས་ཚོགས་ནས་གོང་གསལ་ལས་འཆར་གསར་པ་དེ་བརྒྱུད་བོད་མིར་རོགས་སྐྱོར་གནང་བ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམ་པས་ལས་དོན་ཁག་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་གྱི་ཡོད།
གཞན་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨ་རི་སྐུ་ཚབ་དོན་ཁང་ནས་རོགས་དངུལ་ལས་དོན་ཁག་མཇུག་སྐྱོང་འཐུས་གཙང་གནང་རྒྱུ་ཡིན་འདུག