༢༠༡༤ ཟླ་ ༡༢ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༦ ཉིན་ལྡི་ལི་བོད་ཁང་དང་། ལྡི་ལི་བོད་སྒར་བསམ་ཡས་གླིང་ཟུང་འབྲེལ་ཐོག་ལྡི་ལིར་རྟེན་གཞི་བྱས་པའི་སྟོན་པའི་སྐྱེད་མོས་ཚལ་དུ་རྗེ་ཙོང་ཁ་པ་ཆེན་པོ་དགོངས་རྫོགས་ཀྱི་དུས་ཚིགས་ཁྱད་པར་ཅན་དགའ་ལྡན་ལྔ་མཆོད་དང་སྟབས་བསྟུན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྨོན་ལམ་གསུང་འདོན་གོ་སྒྲིག་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་༧གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཏེ་ཐོག་མར་སྐྱེད་མོས་ཚལ་གྱི་དབུས་སུ་སྟོན་པའི་སྣང་བརྙན་བརྗིད་ཆགས་ཅན་ལ་གནས་གཟིགས་མཛད་རྗེས་བཞུགས་ཁྲིར་འཁོད་མཚམས་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ཆོས་ཕྱོགས་ཀྱི་མཛད་སྒོ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་རྣམས་ངོ་སྤྲོད་སྙན་སྒྲོན་ཞུས་དོན། དེ་རིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་དུས་ཚིགས་ཁྱད་པར་ཅན་གྱི་སྐབས་འདིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་དེ་རིང་ཆོས་ཕྱོགས་ཀྱི་མཛད་སྒོར་ཆིབས་སྒྱུར་བསྐྱངས་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། བོད་དུ་དུས་རབས་བརྒྱད་པ་ཙམ་ནས་དཔལ་ན་ལེནྡྲའི་སྲོལ་རྒྱུན་རྩ་ཆེ་འདི་འཛིན་སྐྱོང་སྤེལ་གསུམ་གནང་མཁན་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨའི་ངང་ཚུལ་སོགས་ཀྱི་སྲོལ་རྒྱུན་དྲི་མ་མེད་པ་དེའི་རྗེས་སུ་འབྲང་གནང་མཁན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གིས་དཔལ་ན་ལེནྡྲའི་ཆོས་བརྒྱུད་ངོ་མ་འབུར་དུ་སྟོན་གནང་ཡོད། དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་པའི་ལྟ་གྲུབ་དང་ཚན་རིག་རྣམ་གཞག་ལ་ངོ་མཚར་སྐྱེས་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བོད་དུ་ཕལ་ཆེར་༧རྒྱལ་བ་ལྔ་པའི་སྐབས་ནས་དགའ་ལྡན་ལྔ་མཆོད་སྲུང་བརྩི་ཞུ་སྲོལ་ཡོད། ང་ཆུང་དུས་སྐབས་དེ་ཉིན་ཞོགས་པ་ནས་ཕྱེད་ཡོལ་ཙམ་བར་རྩེ་ཕོ་བྲང་གི་ལོཀེཤྭརའི་རྟེན་གཙོ་དང་། དེ་བཞིན་༧རྒྱལ་དབང་སྐུ་ཕྲེང་གོང་མ་མང་པོ་ཞིག་གི་གདུང་རྟེན་ཡོད། གདུང་རྟེན་རེ་རེའི་མདུན་དུ་༸རྒྱལ་དབང་དེ་དག་གིས་མཛད་པའི་བླ་མའི་རྣལ་འབྱོར་བཏོན་ནས་ཉིན་གང་འགོར་འགྲོ་གྱི་རེད། དེར་བརྟེན་དགའ་ལྡན་ལྔ་མཆོད་བརྗོད་སྐབས་དཀའ་ལས་ཁག་མཁན་ལྟ་བུ་ཆགས་ཀྱི་ཡོད། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འདི་ངོས་ཀྱིས་ནམ་རྒྱུན་བརྗོད་པ་ལྟར་ངོས་ཀྱི་ཡུལ་གྲུ་འདྲ་མིན་ནང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་མཁས་དབང་དང་ཉམས་ཞིབ་པ། དེ་བཞིན་ཉམས་ལེན་པ་སོགས་མང་པོ་གཅིག་དང་མཇལ་ནས་བཀའ་མོལ་ཞུ་སྐབས་དུས་རྒྱུན་ང་ཚོས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་བཤད་སྲོལ་ཡོད་པ་ལྟར། ནང་དོན་རིག་པ། ཚད་མ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། བཟོ་རིག་པ་སོགས་ཡོད་པའི་ཁོངས་ནས་གལ་ཆེ་ཤོས་ཚད་མ་རིག་པ་ཡིན། ནང་དོན་རིག་པ་
ལྟ་ཅི་སྨོད། དེ་དག་ཕལ་ཆེར་ཆ་ཚང་ཤོས་ཤིག་བོད་ལ་ཡོད་པའི་འདི་རེད། ནང་པའི་ཡུལ་གྲུའི་ནང་འདུལ་བའི་ཉམས་བཞེས་ཡོད་པ་འདི་ཐུན་མོང་བ་རེད། གཅིག་འགྱུར་རེད། ཧ་ཅང་ཡག་པོ་ཡོད། དེ་བཞིན་པཱ་ལིའི་གཞུང་ནང་སྡེ་སྣོད་གསུམ། ཞེས་མངོན་པའི་སྡེ་སྣོད་ཁོངས་བྱེ་བྲག་བཤད་མཛོད་ཆེན་མོ་ལྟ་བུ་ཡོད། ལེགས་སྦྱར་གྱི་ཆོས་བརྒྱུད་ནང་ཡོད་པའི་མངོན་པའི་གཞུང་ཐུན་མོང་མིན་པ་དེའི་གྲས་བོད་ལ་ཡོད་པ་བཞིན་ཕལ་ཆེར་དར་ཁྱབ་ཆེན་པོ་ཞིག་དང་། དེ་ཡང་སློབ་གཉེར་བརྒྱབ་ནས་སློབ་གཉེར་རྒྱག་སྟངས་དེ་ཡང་ཚད་མའི་གཞུང་ལ་བརྟེན་ནས་ཀླུ་སྒྲུབ་རང་གིས་རྩ་བ་ཤེས་རབ་ལ་སོགས་པའི་ནང་རྟགས་གསལ་བཏང་ནས་གཞན་ལུགས་དགག་རྒྱུ་དང་། རང་ལུགས་འཇོག་སྐབས་རྟགས་གསལ་བཏང་ནས་གནང་ཡོད། ཕལ་ཆེར་མཁན་ཆེན་ཞི་བ་འཚོའི་སྐབས་ནས་ཕལ་ཆེར་དབུ་ཚད་སེང་གེ་མཇིང་གནོན། ཞེས་པའི་ཐ་སྙད་དེ་བྱུང་བ་མིན་འགྲོ། ལྟ་བའི་རྣམ་གཞག་དེ་དབུ་མའི་ལྟ་བ་དེ་བྱས། དེ་གཏན་ལ་འབེབས་སྐབས་དགག་བཞག་སྤོང་གསུམ་གྱི་ཐོག་ནས་ཚད་མའི་འགྲོ་སྟངས་བྱས་ནས་གནང་ཡོད། དེར་བརྟེན་བོད་ལ་རྒྱུན་ལྡན་དབུ་ཚད་སེང་གེ་མཇིང་གནོན། ཞེས་གསུང་སྲོལ་ཞིག་ཡོད། དེར་བརྟེན་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འདི་དབུ་ཚད་སེང་གེ་མཇིང་གནོན་རང་ཆགས་ཡོད། ཕྱི་འདུལ་བའི་ཉམས་ལེན་ཡོད་པ་དེའི་ཐོག་ནས་ནང་བྱང་ཆུབ་སེམས་ཀྱི་ཉམས་ལེན། བྱང་ཆུབ་སེམས་དེ་ཡང་དབུ་མའི་ལྟ་བའི་རྒྱབ་བརྟེན་བྱས་ནས་འགྲོ་རྒྱུ་ཡོད་པ་ཞིག་ཡོད། དེར་བརྟེན་བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་འདི་དངོས་གནས་དྲང་གནས་སོ་སོའི་ལུང་པའི་ཆོས་ཡིན་སྟབས་རྨོངས་ཞེན་བྱས་ནས་ཡག་པོ་ཡིན། ཞེས་ལབ་པ་ཙམ་མིན་པར་བློ་གཟུ་བོར་གནས་མཁན་དཔེར་ན། ཚན་རིག་པ་མང་པོ་ཞིག་བློ་གཟུ་བོར་གནས་ནས་ཡོད་མཁན་དེ་དག་ལ་སྐད་ཆ་འདྲིས་ན་ཤེས་ཀྱི་རེད། ཁོང་ཚོས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཉམས་ཞིབ་བྱེད་སྐབས་ཧ་ཅང་བསྔགས་བརྗོད་བྱེད་ཀྱི་འདུག གོང་དུ་དགྲ་འདུལ་གྱིས་ལབ་པ་བཞིན་འདས་པའི་ལོ་སུམ་ཅུ་ལྷག་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་ཡོད། དེ་ངོས་ཀྱི་ཧ་ཅང་གལ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད། གཞི་རྩའི་ངོས་རང་ཆུང་དུས་ནས་ཚན་རིག་ལ་དོ་སྣང་ཆེན་པོ་ཡོད། དེར་བརྟེན་ལོ་སུམ་ཅུ་ལྷག་རིང་ཚན་རིག་པ་དངོས་གནས་བློ་གཟུ་བོར་གནས་པའི་མཁས་དབང་རྣམས་དང་ལྷན་བགྲོ་གླེང་བྱེད་སྐབས་བློ་ཞུམ་མི་དགོས་པར་ཁོང་ཚོར་ཕར་ལེགས་སྐྱེས་འབུལ་ཐུབ་རྒྱུ་ཡོད་པ་ཞིག་ཏན་ཏན་རེད།
འདི་ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཉམས་ལེན་བྱེད་མཁན་ཚོས་གནད་འགག་དེ་ཤེས་དགོས་པ་རེད། གཞན་ང་རང་ཚོས་སྤྱིར་སྟངས་འཛམ་གླིང་འདིའི་སྒང་ཆོས་ལུགས་ཆོས་བརྒྱུད་བརྗོད་སྐབས་སྔ་མོའི་འགྲོ་སྟངས་ཤིག་མ་གཏོགས་དུས་རབས་གསར་པའི་ནང་དེ་ཙམ་གྱི་དགོས་མཁོ་དང་འབྲེལ་བ་ཆེན་པོ་རང་མེད་པ་ལྟ་བུ་མཐོང་གི་ཡོད་པ་ནི་མི་ཤེས་པའི་དབང་གིས་རེད། དེར་ཁག་མེད། དྲང་པོ་དང་ཁ་རི་ཁ་ཐུག་བརྗོད་ན་ང་ཚོའི་ཆོས་སྡེ་ཁག་ཚོས་ཀྱང་དངོས་གནས་གཞུང་ཆེན་སློབ་གཉེར་རྒྱག་རྒྱུ་སོགས་ཀྱི་ཐད་ལ་དེ་ཙམ་མེད་པར་འདོན་པ་ཙམ་ཞིག་བཏོན་པ་ཙམ་ལས་དོན་དག་དེ་ཡང་དེ་ཙམ་མ་ཤེས་པ་བྱས་ནས་འགྲོ་སྐབས་དཀོར་ཟའི་ཡོངས་ཁུངས་ཤིག་ཆགས་གྲབས་བྱེད་ཀྱི་འདུག དེ་འདྲ་ཡིན་དུས་བློ་གཟུ་བོར་གནས་ནས་དད་པ་ཙམ་གྱི་ཐོག་ལ་འགྲོ་རྒྱུར་ཏོག་ཙམ་ཡིད་མ་རངས་པ་བྱེད་མཁན་ཚོས་ལྟ་སྐབས་མིག་སྣང་ལ་མ་མཛེས་པོ་ཞིག་ཡོང་རྒྱུ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་ཆོས་བྱེད་དགེ་འདུན། ལུས་ལ་བཅོམ་ལྡན་འདས་རང་ཉིད་ཀྱི་ན་བཟའ་གྱོན་མཁན་ཚོས་བཅོམ་ལྡན་འདས་ཀྱི་ན་བཟའ་གྱོན་པ་ནང་བཞིན་ནང་གི་འདུལ་ཁྲིམས་སྲུང་སྡོམ་བྱ་རྒྱུ་དེ་དག་ཡག་པོ་ཞིག་བྱེད་དགོས། དེའི་ཐོག་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་གཟབ་པ་དང་རྒྱ་ཆེ་བའི་ལམ་དེ་དག་ཤེས་པ་བྱས། ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་བ་ཡིན་ན། རང་ལ་ཡིན་ནའང་ཕན་རྒྱུ་རེད། བསྟན་པ་སྤྱི་ལ་ཡིན་ནའང་ཕན་རྒྱུ་རེད། ང་རང་ཚོ་བོད་མི་རིགས་ལ་ཡིན་ནའང་ཕན་རྒྱུ་རེད།
འཛམ་གླིང་འདིའི་སྒང་གི་ནང་པ་ཚང་མར་ང་ཚོས་ཞབས་འདེགས་བསྒྲུབ་ཐུབ་རྒྱུའི་ཆ་རྐྱེན་ཡོད། ནང་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་སྐོར་ནས་རིགས་གཅིག་འདིས་འཛམ་བུ་གླིང་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་ཏན་ཏན་རེད། དེ་རིང་འདིར་མི་མང་པོ་ཞིག་བསླེབས་སྟབས་འདི་གཅིག་བརྗོད་འདོད་བྱུང་། ཕོ་གསར་མོ་གསར་ཚོས་གོ་བྱུང་ངམ། ཁྱེད་ཚོས་དགག་པ་རྒྱག་འདོད་ཡོད་དམ་མེད། ཅེས་ཞལ་ཤོབ་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན། ངོས་རང་མི་རྒས་པོ་ཞིག་གིས་ཉམས་མྱོང་ཧ་ཅང་མང་པོ་བསགས་ནས་ཕྱོགས་བསྡོམས་བྱེད་ཁུལ་ཡིན། མཁྱེན་སོང་ངམ། ཞེན་ཁོག་བྱས་པ་ཞིག་མིན། རྨོངས་དད་ནི་དེ་བས་མིན། ངོས་རང་རྨོངས་དད་བྱེད་མཁན་ཞིག་མིན། དཔེར་ན། འཛམ་གླིང་ལེབ་ལེབ་རེད། ཟེར་བ་དང་རི་རབ་ཡོད་བརྗོད་པ་དེ་དག་ངོས་ཀྱིས་ཁས་ལེན་བྱེད་ཀྱི་མེད། སློབ་དཔོན་དབྱིག་གཉེན་ཁོང་རང་བསམ་གྱི་མི་ཁྱབ་པ་རེད། སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ཀྱི་ལེའུ་གསུམ་པའི་ནང་ཕལ་ཆེར་ཡོད། དེ་རིང་ཁ་སང་དབྱིག་གཉེན་གྱི་ལུང་འདྲེན་བྱས་པ་ཡིན་ན། ནམ་རྒྱུན་ང་ཚོའི་ལུགས་སྲོལ་ལྟར་ཞྭ་མོ་མར་ཕུད་ནས་མཁས་པ་ཚོས་ལུང་འདྲེན་སྐབས་ལྟར་ངོས་ཀྱིས་ཞྭ་མོ་མར་ཕུད་ནས་གུས་འདུད་ཆེན་པོ་བྱས་ཀྱང་ལན་འདི་ཁྱབ་པ་མ་བྱུང་། ཞེས་ཕལ་ཆེར་བརྗོད་དགོས་པ་ཆགས་རྒྱུ་རེད། དེ་རྗེས་༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། དེར་བརྟེན་དངོས་གནས་དྲང་གནས་དཔལ་ན་ལེན་ཌའི་ཆོས་རྒྱུས་ཀྱི་རྗེས་སུ་འབྲང་མཁན་ཞིག་ཡིན་ན་རྨོངས་དད་ཡོང་རྒྱུའི་གཞི་རྩ་གང་ཡང་མེད། གཅིག་དང་གཉིས་ཀྱི་རྒྱུ་མཚན་གྱི་ཐོག་ནས་ར་འཕྲོད་རྒྱུ་ཡོད་པ་ཞིག་རེད། རྒྱུ་མཚན་འགོད་སྐབས་མཐར་ཐུག་མངོན་སུམ་དང་མྱོང་བར་ཐུག་དགོས། དེར་བརྟེན་ཚན་རིག་པ་ཚོས་ཀྱང་དོ་སྣང་ཡོང་རྒྱུ་དེ་འདྲའི་ཐོག་ནས་ཡོང་བཞིན་ཡོད། འདི་སྤྱི་ཡོངས་བྱས་ནས་ཞུས་པ་ཡིན།
སྐབས་སུ་བབ་པ་དེ་རིང་དགའ་ལྡན་ལྔ་མཆོད་རེད། བོད་དུ་འཇམ་དབྱངས་རྣམ་གསུམ། ཞེས་གསུང་སྲོལ་ཡོད། དང་པོ་དེ་ཀློང་ཆེན་རབ་འབྱམས་པ། ཁོང་གི་ཀློང་ཆེན་མཛོད་བདུན། དེ་ཚོའི་ནང་ལྟ་སྐབས་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་པ་གནང་མཁན་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད། ཕྱིས་སུ་ཀུན་མཁྱེན་འཇིགས་མེད་གླིང་པས་དཔལ་ལྡན་ཟླ་བ་གྲགས་པའི་ལྟ་གྲུབ་དེ་གཙོ་འདོན་གནང་གི་ཡོད། དེར་བརྟེན་ཀློང་ཆེན་རབ་འབྱམས་པ་འཇམ་དབྱངས་རྣམ་གསུམ་ནས་གཅིག་བྱས། དེའི་རྗེས་ས་སྐྱ་པཎ་ཌི་ཏ་ཀུན་དགའ་རྒྱལ་མཚན། དེ་རྗེས་རྗེ་རིན་པོ་ཆེ་བཅས་ཁོང་རྣམས་ལ་འཇམ་དབྱངས་རྣམ་གསུམ། ཞེས་ཞུ་སྲོལ་འདུག ཁོང་རྣམ་པ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཤ་སྟག་ཆགས་ཡོད། རྗེ་རིན་པོ་ཆེ་མི་འདྲ་བ་ཞིག་གང་ཡོད་བརྗོད་ན། དབུ་མ་རྩ་བ་ཤེས་རབ་དང་དབུ་མ་འཇུག་པ་དེ་ཚོའི་འགྲེལ་པ་རྗེ་རིན་པོ་ཆེས་མཛད་པ་དེ་དག་ཧ་ལམ་རྒྱ་གཞུང་གི་ཚིགས་ཡོང་གི་ཡོད་པ་ལྟ་བུ་འདུག དབུ་མ་དགོངས་པ་རབ་གསལ་ནང་། མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཀྱི་འགྲེལ་བ་ཟླ་བ་གྲགས་པས་མཛད་པ་དབུ་མ་ཚིགས་གསལ་དང་བྷུདྷཱ་པ་ལི་ཏའི་ཚིགས་གནས་རྣམས་དབུ་མ་དགོངས་པ་རབ་གསལ་ནང་བསྡུས་པ་ལྟ་བུ་འདུག དེར་བརྟེན་དགོངས་པ་རབ་གསལ་དེ་རྒྱ་གཞུང་ཡིན་དང་བོད་གཞུང་ཡིན་ཧ་ལམ་མ་ཤེས་པ་ལྟ་བུ་འདུག འདི་རྗེ་རིན་པོ་ཆེའི་ཐུན་མོང་མིན་པ་ཞིག་རེད་འདུག ཚིགས་འབོད་སྟངས་ཁོ་རང་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ནང་ཡོད་པ་དེ་ག་གཙོ་འདོན་བྱས་ནས་གསུངས་བཞག་པ་ཞིག་འདུག མཁས་དབང་མང་པོ་ཞིག་དོན་དག་དེ་ཚུར་བཞེས་པ་མ་གཏོགས་ཐ་སྙད་གསུང་སྟངས་དེ་དག་སྐབས་རེ་ཏོག་ཙམ་མི་འདྲ་བ་དེ་འདྲ་ཡོང་གི་འདུག དེ་འདྲ་ཡིན་དུས་རྗེ་རིན་པོ་ཆེ་ཁོང་རང་གི་གཤིས་ཀ་ལའང་དེ་ཡོད། དཔེར་ན། ལེགས་བཤད་གསེར་ཕྲེང་ནང་ཕར་ཕྱིན་གྱི་འགྲེལ་བ་འགའ་ཤས་མར་བོད་འགྲེལ་ཡིན། རྒྱ་འགྲེལ་ཚད་ཐུབ་ཡིན་མིན་གསུང་སྐབས། རྒྱ་འགྲེལ་མ་རེད། གང་ཡིན་བརྗོད་ན། རྒྱ་གར་མཁས་པའི་གསུང་ལས་མ་འབྱུང་བའི་བོད་ཚིགས་དུ་མ་སྣང་པའི་ཕྱིར་རོ། ཞེས་གསུངས་འདུག
དེར་བརྟེན་རྗེ་རིན་པོ་ཆེ་ཁོང་གི་ལེགས་བཤད་དེ་དག་བསྟན་འགྱུར་ནང་གི་ཚིགས་རྐྱང་རྐྱང་གཙོ་འདོན་གནང་བཞག་པ་ཞིག་འདུག དེར་བརྟེན་འདི་ཏོག་ཙམ་མི་འདྲ་བ་ཞིག་རེད་འདུག གོང་དུ་དགྲ་འདུལ་ལགས་ཀྱི་བརྗོད་པ་ལྟར་དེ་རིང་འདིར་འཇམ་མགོན་བླ་མ་ཙོང་ཁ་པ་པས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞི་གཞུང་དྲི་མ་མེད་པ་འདི་གར་ཡོད་པ་འདི། ལྷག་པར་དུ་སྟོང་པ་བརྟེན་བྱུང་དང་བརྟེན་བྱུང་སྟོང་པ་ཟེར་རྒྱུ། རྟེན་བྱུང་གི་དེ་ཁོ་ན་ཉིད་ཟེར་རྒྱུ་འདི་རྩལ་དུ་སྟོན་ནས་གསུང་མཁན་འདི་རྗེ་རིན་པོ་ཆེའི་ལེགས་བཤད་ནང་བཞིན་ཧ་ལམ་སུ་གཅིག་ལའང་མེད། འདི་ཧ་ཅང་གསལ་པོ་རེད། དེར་བརྟེན་ཕྱིས་ཀྱི་མཁས་པ་མི་ཕམ་ནས་ཀྱང་རྗེ་རིན་པོ་ཆེར་བསྟོད་པའི་ནང་རྟེན་བྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་པ། ཞེས་དམིགས་བསལ་གྱི་ཆེ་བསྟོད་གནང་འདུག དེར་བརྟེན་གཟུ་བོར་གནས་པའི་མཁས་དབང་ཚང་མས་མགྲིན་དབྱངས་གཅིག་དང་དགོངས་པ་གཅིག་ཏུ་བྱས་ནས་རྗེ་རིན་པོ་ཆེས་རྟེན་བྱུང་གི་དེ་ཁོ་ན་ཉིད་གསལ་བར་བསྡོམས་པ་དེ་ལ་ཚང་མས་གསུང་སྡད་པ་ཞིག་རེད་འདུག ཁོང་གི་མྱང་འདས་ཀྱི་དུས་ཆེན་དེ་དེ་རིང་ང་ཚོས་རྗེས་དྲན་བྱེད་ཀྱི་ཡོད། རྗེས་དྲན་ཟེར་བ་གཙོ་བོ་སྙིང་པོ་བསྡུས་ན། སྙིགས་མའི་དུས་འདིར་མང་ཐོས་བསྒྲུབ་ལ་བརྩོན། ཆོས་བརྒྱད་སྤངས་པའི་དལ་འབྱོར་དོན་ཡོད་བྱས། མགོན་པོ་ཁྱེད་ཀྱི་རླབས་ཆེན་མཛད་པ་ལ། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ། ཞེས་པ་འདི་རེད།
རྗེ་རིན་པོ་ཆེའི་མཁས་གྲུབ་གཉིས་ལྡན་གྱི་ཡོན་ཏན་འདི་ང་ཚོས་རྗེས་སུ་ཡི་རང་བསམ་པ་རྣམ་དག་བྱེད་ཀྱི་ཡོད་ན། རང་ཉིད་ཀྱིས་རྗེའི་རྣམ་མཐར་ལ་བསླབ་དགོས། དེ་འདྲ་བྱུང་ན་རྗེས་སུ་ཡི་རང་ངོ་མ་ཆགས་རྒྱུ་རེད། ཁ་ནས་རྗེས་སུ་ཡི་རང་བྱེད་ཀྱི་ཡོད་ཅེས་ལབ། ལག་ལེན་ངོ་མའི་ཐོག་ལ་མཁས་བཙུན་བཟང་གསུམ་གྱི་རྣམ་པར་མཐར་པའི་རྗེས་སུ་མ་བསླབ་ན་ཚིགས་ཙམ་རེད་མ་གཏོགས་དགོས་པ་གང་ཡང་མེད། དེར་བརྟེན་རྗེས་དྲན་ཞེས་བརྗོད་སྐབས་སོ་སོའི་སེམས་ལ་ཞུ་དག་བཏང་ནས་སོ་སོའི་སྒོ་གསུམ་གྱི་སྤྱོད་པ་དེ་དག་ང་ཚོས་རྗེས་དྲན་བྱ་རྒྱུའི་བླ་མ་དེའི་རྣམ་མཐར་དང་ཐུན་པ་ཞིག་བྱེད་ཀྱི་འདུག་དང་མི་འདུག་སོ་སོས་ཞིབ་འཇུག་བྱས། སོ་སོ་སོ་སོར་ཞུ་དག་བཏང་། ད་བར་རྗེས་དྲན་བྱ་རྒྱུའི་བླ་མ་དེའི་རྣམ་མཐར་ཚུར་ལེན་ནས་ཡག་པོ་བྱས་འདུག་ན་རྗེས་སུ་ཡི་རང་བྱས། བསྔོ་བ་བྱས། བླ་མ་དེའི་རྣམ་མཐར་དང་མ་མཐུན་པ་ཞིག་ང་ཚོས་བྱས་འདུག་ན། འགྱོད་བཤགས་བྱས་ནས་ཕྱིན་ཆད་དེ་འདྲ་མི་བྱེད། ཅེས་བསམས་ནས་ཕྱིན་པ་ཡིན་ན་རྗེས་དྲན་ངོ་མ་དེ་རེད། ཤེས་སོང་ངམ། ཁྱེད་ཚོས་དཔེ་ཆ་བ་བཞིན་དུ་དཔེ་ཆ་ཤུགས་ཆེན་པོ་ལྟ་མ་ཐུབ་ཀྱང་། གང་ཐུབ་ཐུབ་ཀྱི་སློབ་གཉེར་བྱེད་དགོས། ཤེས་སོང་ངམ། དཔེ་ཆ་སློབ་སྦྱོང་བྱེད་བརྗོད་སྐབས་མཁས་པ་ཚོ་དང་ཚན་ཉིད་པ་ཚོས་བྱ་རྒྱུ་རེད། ཅེས་བརྗོད་ན་དེ་ནོར་འཕྲུལ་དང་རྗེས་ལུས་རེད། ཅེས་བཀའ་སློབ་སྩལ། སྐབས་དེར་སྲིད་སྐྱོང་མཆོག་དང་རྣམ་གྲྭ་མཁན་པོ་སོགས་ཕེབས་འདུག བཀའ་སློབ་གྲུབ་མཚམས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་སྨོན་ལམ་སོགས་གསུང་འདོན་མཛད་ནས་ཆོས་འབུལ་སྨོན་ཡོངས་སུ་ལེགས་པར་གྲུབ།