༢༠༡༤ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༢ ཉིན་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༤ ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ནས་བགྲོ་གླེང་ཐོག་བཀའ་སློབ་སྩལ་འདུག དེ་ཡང་གོང་ཚེས་ཉིན་མགོན་པོ་གང་ཉིད་མཆོག་གིས་ནོ་བེལ་ཞི་བཞེའི་གཟེངས་རྟགས་བཞེས་མྱོང་མཁན་གཞན་ཏེ་ཨ་རི་བ་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་ Jody Williams མཆོག་དང་ཨི་རན་ནས་ཡིན་པ་ཤི་རིན་ཨི་བྷ་ཌི་ Shirin Ebadi མཆོག ཨ་ཕི་རི་ཀ་གླིང་ཆེན་ནས་ཡིན་པ་ལི་མ་ཇི་བྷོ་ཝེ་ Leymah Gbowee མཆོག བྱང་ཕྱོགས་ཨ་ཡིར་ལེན་ཌི་ནས་ཡིན་པ་མེ་རི་ཌི་མ་གྷོ་རེ་ Mairead Maguire མཆོག ཡ་མེན་ནས་ཡིན་པ་ཏ་ཝ་ཀོལ་ཀར་མན་ Tawakkol Karman མཆོག དེ་བཞིན་རོམ་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཨིག་ན་ཛིའོ་མ་རི་ནོ་ Ignazio Marino མཆོག་བཅས་དང་མཇལ་འཕྲད་མཛད།
དེ་རྗེས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་ཞབས་ཨིག་ན་ཛིའོ་མ་རི་ནོ་མཆོག་གིས་ངོ་སྤྲོད་གནང་སྐབས་ཐེངས་འདིར་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི་དེ་སྔའི་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། ལྷོ་ཨ་ཕི་རི་ཀའི་མི་རིགས་ནག་པའི་འཐབ་རྩོད་ཀྱི་དབུ་ཁྲིད་མཁན་སྐུ་ཞབས་ནེལ་སན་མན་ཌེ་ལ་མཆོག་གི་བྱས་རྗེས་ལ་རྗེས་དྲན་ཆེད་ཚོགས་པ་ཞིག་ཡིན་སྐོར་གསུང་དོན། ཕྱི་ལོ་ ༡༩༨༧ ལོར་སྐུ་ཞབས་ནེལ་སན་མན་ཌེ་ལ་མཆོག་བཙོན་ཁང་ནང་ཡོད། འོན་ཀྱང་གྲོང་ཁྱེར་རོམ་གྱིས་ཁོང་ལ་ཆེ་བསྟོད་ཞུ་ཆེད་གྲོང་ཁྱེར་གྱི་མི་སེར་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་ཞི་བདེའི་ལྷན་ཚོགས་ཀྱི་ཉིན་དང་པོ་ཚོགས་ཐུན་དང་པོའི་སྐབས་ཀྱི་བརྗོད་གཞི། ཞི་བདེ་དང་མང་གཙོ་ལྡན་པའི་ལྷོ་ཨ་ཕི་རི་ཀའི་ནང་མང་གཙོའི་ལམ་ལུགས་ལག་བསྟར་བྱས་ནས་མི་ལོ་ ༢༠ རྗེས་དམིགས་ཡུལ་བསྒྲུབ་ཐུབ་པ་གང་བྱུང་བ་དང་ད་དུང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཇི་ཡོད། སོགས་ཀྱི་ཐོག་བགྲོ་གླེང་དབུ་འཛུགས་མཛད། ལས་རིམ་གཙོ་སྐྱོང་བ་ནི། རང་བཙན། ཞེས་པའི་གསར་ཤོག་གི་གསར་འགོད་པ་སྐུ་ཞབས་པི་ཊར་པོབ་ཧམ་ Peter Popham ལགས་ཡིན་འདུག
ཐོག་མར་ཁོང་གིས་ཚོགས་བཅར་བ་རྣམས་ལ་བགྲོ་གླེང་ནང་ལྷན་ཞུགས་མཛད་མཁན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་གྱི་དབུ་ཁྲིད་རྣམས་ངོ་སྤྲོད་གནང་། བགྲོ་གླེང་སྐབས་མཉམ་བཞུགས་མཛད་མཁན་གོང་འཁོད་ནོ་བེལ་ཞི་བེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་མཚན་འཁོད་ཟིན་པའི་ཐོག་བྱང་ཕྱོགས་ཨ་ཡིར་ལེན་ཌི་ནས་ལོ་ཌི་ཌེ་ཝི་ཌི་ཊིམ་བྷལ་ Lord David Trimble མཆོག་དང་། ལྷོ་ཨ་ཕི་རི་ཀའི་ཀེབ་ཊའོན་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་པེ་ཊི་ཤི་ཡ་ཌི་ལེ་ལི་Mayor of Capetown Patricia de Lille མཆོག དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྐུ་ཚབ་ཀོམ་ཨོ་ཀའོ་ན་ཅིན་ Colm O Cuanachain ལགས་སོགས་ཡིན་འདུག
བགྲོ་གླེང་གཙོ་སྐྱོང་བས་སྐབས་དེར་ལྷོ་ཨ་ཕི་རི་ཀའི་ཀེབ་ཊའོན་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་པེ་ཊི་ཤི་ཡ་ཌི་ལེ་ལི་མཆོག་ལ་སྐུ་ཞབས་ནེལ་སན་མན་ཌེ་ལ་མཆོག་གི་དུས་སྐབས་ནས་ད་བར་འགྱུར་བ་ཇི་བྱུང་སྐོར་གསུང་བཤད་གནང་རྒྱུའི་འབོད་སྐུལ་ཞུས་པ་ལྟར་ལྕམ་སྐུ་མཆོག་གིས་སྐབས་དེར་སྤྱིར་ཐེངས་འདིའི་ལྷན་ཚོགས་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊའོན་ནང་འཚོགས་གཏན་འཁེལ་ཡོད་ཀྱང་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་བྱ་སྤྱོད་ལ་བརྟེན་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་ཡུལ་བརྗེས་པོ་རྒྱག་དགོས་ཐུག་པ་དེར་བཟོད་སྲན་གནང་རོགས་ཞེས་དགོངས་གསོལ་ཞུས་པ་དང་སྦྲགས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་སྒྱུར་གནང་སྐྱོང་ཡོང་བ་ཞུ། ཞེས་གསོལ་འདེབས་ཞུས།
དེ་རྗེས་བྱང་ཕྱོགས་ཨ་ཡིར་ལེན་ཌི་ནས་ལོ་ཌི་ཌེ་ཝི་ཌི་ཊིམ་བྷལ་ Lord David Trimble མཆོག་གིས་བྱང་ཕྱོགས་ཨ་ཡིར་ལེན་ཌིའི་ནང་ཞི་བདེ་སྐུན་ཐབས་ཆེད་སྐུ་ཞབས་ནེལ་སན་མན་ཌེ་ལ་མཆོག་གིས་ཡུལ་དེའི་ཕྱོགས་གཉིས་ཀྱི་སྐུ་ཚབ་ལྷོ་ཨ་ཕི་རི་ཀའི་ནང་མགྲོན་འབོད་གནང་ནས་འབད་བརྩོན་ཧ་ཅང་གནང་བ་མ་ཟད། དམ་པ་ཁོང་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས་ཡུལ་དེའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཇུག་སྒྲིལ་ལ་ཉེ་བ་རྣམས་རྩ་མེད་བཟོས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་ཨ་ཕི་རི་ཀ་གླིང་ཆེན་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ལི་མ་གྷ་བྷོ་ཝེ་ Leymah Gbowee ་མཆོག་གིས་གསུང་བཤད་གནང་།
དེ་ནས་ཨ་རི་བ་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་ Jody Williams མཆོག་གིས་ས་འོག་འབར་རྫས་རྩ་མེད་བཟོ་ཆེད་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་མཉམ་རུབ་ཐོག་ལས་འགུལ་སྤེལ་རྒྱུ་གལ་ཆེ་ཡིན་སྐོར་སོགས་གསུངས་པ་མ་ཟད། ཉེ་ལམ་ཡི་ཤུའི་བླ་ཆེན་པོབ་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་སྐོར་གསུངས་པ་དེར་ཟུར་མདའ་འཕེན་ནས་གསུང་དོན། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ཡིན། གྲོང་ཁྱེར་འདིའི་ནང་རྒྱ་ནག་གི་གནོན་ཤུགས་འོག་མཆོད་དཔོན་གཅིག་གིས་མཆོད་དཔོན་གཞན་ཞིག་མཇལ་འཕྲད་ཞུ་མ་ཐུབ་པའི་གནས་སྟངས་བྱུང་ཡོད་པ་འདི་ལ་གཟིགས་ཚེ་གང་འདྲ་འདུག མི་སྒེར་དང་སྲིད་གཞུང་ཁག་གཅིག་གིས་གཞན་གི་གནོན་ཤུགས་འོག་མ་ཚུད་པར་བློ་ཁོག་ཆེན་པོས་རང་གིས་ལངས་ཕྱོགས་གང་འཛིན་བཞིན་པ་དེ་དག་རྒྱུན་སྐྱོངས་གནང་ཐུབ་ཀྱི་ཡོད། དེ་ཁོངས་ནས་གྲོང་ཁྱེར་རོམ་དེ་གཅིག་ཡིན་པར་བརྟེན་ངས་གྲོང་ཁྱེར་རོམ་ལ་ཐེངས་འདིར་ཞི་བདེའི་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་གནང་ཐུབ་པར་བསྔགས་བརྗོད་དང་སྦྲགས། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཚོགས་ཐུན་གཉིས་པའི་སྐབས་བགྲོ་གླེང་ལས་རིམ་གཙོ་སྐྱོང་བ་བྷི་བྷི་སི་ BBC World གསར་འགོད་པ་ལྕམ་ཡལ་ད་ཧ་ཀིམ་ Yalda Hakim ལགས་ཡིན་འདུག སྐབས་དེར་ཁོང་ནས་ཐོག་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དམག་འཁྲུག་མེད་པ་ཙམ་ལ་ཞི་བདེའི་གོ་བ་ལེན་ན་མ་འགྲིག་པའི་རྒྱུ་མཚན་ཇི་ཡིན་སྐོར་བཀའ་སློབ་སྩལ་རྒྱུར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ཞི་བདེ་དང་འཚེ་བ་ཟེར་བ་མཐར་གཏུགས་ན་སེམས་ཀྱི་རྣམ་རྟོག་དང་འབྲེལ་བ་ཡོད། འཚེ་བ་དང་ཞི་བདེའི་ས་མཚམས་ནི་བསམ་བློའི་ནང་འབྱེད་དགོས། གལ་ཏེ་ང་ཚོར་གཞན་གྱི་བདེ་སྡུག་ལ་སེམས་ཁུར་གྱི་བསམ་བློ་ངོ་མ་ཞིག་ཡོད་ན་རང་བཞིན་གྱིས་ང་ཚོས་གཞན་གྱི་ཐོབ་ཐང་རྣམས་སྲུང་སྐྱོབ་བྱེད་རྒྱུ་དང་དེ་ལ་བརྟེན་ནས་ལུས་ཀྱི་བྱ་སྤྱོད་ཀྱི་རྣམ་འགྱུར་ཡང་འཚེ་བ་དང་བྲལ་བ་ཞིག་ཡོང་ངེས། གལ་ཏེ་ང་ཚོའི་བསམ་བློ་དེ་ཞེ་སྡང་དང་འཇིགས་སྣང་གིས་རྒྱུས་སྐུལ་བྱས་ཚེ་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་ཡོང་རྒྱུ་ཡིན་པ་ཆོས་ཉིད་ཡིན། ཞེས་སོགས་ཀྱི་བཀའ་ལན་སྩལ།