༢༠༡༤ ཟླ་ ༡༢ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཚོགས་འདུག སྐབས་དེར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨན་དེ་རེ་གྷ་ཏོ་ལིན་ Senator Andre Gattolin མཆོག དེ་བཞིན་སྐུ་ཞབས་པེ་ཊི་རིག་བྷོ་ལོ་ཆི་ Deputy Patrick Bloche མཆོག་བཅས་མཉམ་ཞུགས་གནང་འདུག སྐབས་དེར་བཀའ་བློན་མཆོག་གིས་ཚོགས་བཅར་བ་བོད་མི་ ༧༠༠ ཙམ་ལ་ཐོག་མར་ཕ་རན་སིའི་སྐད་ནང་དང་དེ་རྗེས་བོད་སྐད་ཐོག་བོད་མི་ཚོས་རང་གི་ཐུན་མིན་རིག་གཞུང་དང་སྐད་ཡིག་ལ་བདག་གཅེས་གནང་རྒྱུ་ཧ་ཅང་གལ་ཆེ་ཡིན་པར་བརྟེན་འབད་བརྩོན་མུ་མཐུད་གནང་དགོས་པའི་འབོད་སྐུལ་ཡང་གནང་བ་མ་ཟད། ལྷག་པར་ཕ་མ་ཚོས་རང་གི་ཕྲུ་གུ་ཚོར་བོད་མིའི་ཐུན་མིན་རིག་གཞུང་བརྒྱུད་སྤྲོད་བྱ་གལ་ཆེ་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་ཉིན་མཚན་ཀུན་ཏུ་ཐུགས་ཁུར་ཆེ་བཞེས་མཛད་བཞིན་པའི་སྐོར་བོད་མི་མི་རབས་རྒན་པ་ཚོས་གཞོན་པ་ཚོར་ངོ་སྤྲོད་གནང་དགོས་རྒྱུ་དེ་ནི་དུས་ཀྱི་དགོས་མཁོ་ཆགས་ཡོད་པ་དང་།
དེ་འདྲ་བྱུང་ན་བོད་མི་གཞོན་སྐྱེས་ཚོས་བོད་མི་རིགས་དང་རིག་གཞུང་ལ་རང་བཞིན་གྱི་དོ་སྣང་དང་༧གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་རྣམས་ཤེས་རྟོགས་ཐུབ་རྒྱུ་མ་ཟད། མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་འཆར་སྣང་དང་མཛད་རྗེས་ལ་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བོད་ཀྱི་བདེན་དོན་ཆེད་འཐབ་རྩོད་གནང་ཐུབ་པ་ཞིག་ཡོང་ངེས་ཡིན་སྐོར་གསུངས། གཞན་ཡང་ཉིན་དེར་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཕ་རན་སིའི་བོད་རིགས་ཚོགས་པའི་མཐུན་འགྱུར་འོག་ཕ་རན་སིའི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་གནང་སྟེ་༧གོང་ས་མཆོག་གི་མཛད་རྣམ་པར་རིགས་ལམ་ནས་འགྲེམས་སྟོན་ཞུས་འདུག ཕྱོགས་མཚུངས་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨན་དེ་རེ་གྷ་ཏོ་ལིན་མཆོག་གིས་བོད་མི་ཚོར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་མ་ཟད། བོད་ནང་ཞི་བདེ་དང་རང་དབང་མགྱོགས་མྱུར་བསྐྱར་གསོ་ཡོང་སླད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས། གསུང་བཤད་ལས་རིམ་གྲུབ་མཚམས་ཆོལ་ཁ་གསུམ་གྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་ཞུས། སྤྱིར་ཕྱི་ཚེས་ ༩ ཉིན་ཕྱི་དྲིལ་བཀའ་བློན་མཆོག་གིས་ཕ་རན་སིའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་བ་མ་ཟད།
ཕ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཞོན་སན་རེན་མེ་ཛ་ཊེར་ Deputy Sandrine Mezatier མཆོག་གིས་མཇལ་འཕྲད་གནང་འདུག བཀའ་བློན་མཆོག་གིས་དེ་ཉིན་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་སྐབས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་རྣམས་ལ་རམ་འདེགས་ཇི་འདྲ་དགོས་མིན་དང་ཕ་རན་སིའི་གྲོས་ཚོགས་ནང་བོད་ཀྱི་གནད་དོན་མུ་མཐུད་གླེང་སློང་དང་རྒྱབ་སྐྱོར་རག་ཐབས་ཆེད་ལས་འགུལ་ཇི་འདྲ་སྤེལ་དགོས་མིན་ཐད་གོ་བསྡུར་གནང་འདུག གཞན་ཡང་བཀའ་བློན་མཆོག་གིས་བོད་རྒྱ་མི་རིགས་མཐུན་འབྲེལ་ཚོགས་ཆུང་གི་ཚོགས་མི་རྣམས་དང་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་རིགས་དང་མཐུན་འབྲེལ་གོང་འཕེལ་གཏོང་ཐབས་ཀྱི་ལས་གཞིར་ཕན་རླབས་ཡོང་ཆེད་ལས་འགུལ་ཇི་འདྲ་སྤེལ་དགོས་མིན་ཐད་གོ་བསྡུར་གནང་འདུག ཕྱི་ཚེས་ ༡༡ ཉིན་ཕྱི་དྲིལ་བཀའ་བློན་མཆོག་རྒྱ་གར་དུ་ཕེབས་ཐོན་གནང་འདུག་པ་བཅས།།