༢༠༡༤ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་ཉིན་རྡ་ས་དང་ཕྱོགས་མཐའ་ཁག་ཏུ་བཞུགས་པའི་ཞབས་ལོ་ ༢༥ འཁོར་བའི་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་ལས་བྱེད་རྣམས་ལེགས་སྐྱེས་གནང་བ་ཁོང་རྣམ་པའི་ལོ་རྒྱུས་སྙིང་བསྡུས།
སྐུ་བཅར་སྨན་རམས་པ་བཙུན་མ་བསྟན་འཛིན་ལྷ་སྒྲོན་ལགས།
ཁོ་མོ་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༡ ནས་མ་ན་ལི་ཡན་ལག་སྨན་ཁང་གི་སྨན་པ་དང༌། ལོ་གཅིག་ཙམ་རྗེས་མ་ན་ལི་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་གནས་སུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༢ ཟླ་ ༠༨ ཚེས་ ༡ ཉིན་ལྡི་ལི་ནེ་འཛམ་མུ་ལྡིན་ཡན་ལག་སྨན་ཁང་གི་སྨན་པར་གནས་སྤོས་གནང་། ཕྱི་ལོ་ ༢༠༠༤ ཟླ་ ༨ ཚེས་ ༡ ནས་དབུས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེའི་ལས་གནས་སུ་གནས་སྤོས་གནང་། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༢༢ ཉིན་སྐུ་བཅར་སྨན་པའི་ལས་གནས་སུ་བསྐོ་གཞག་སྩལ། ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡ ཉིན་དབུས་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྨན་པར་ལས་བཀོད་དང༌། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༡ ཉིན་རྡ་སྟེང་ཡན་ལག་སྨན་ཁང་གི་སྨན་པར་ལས་བཀོད་གནང་། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༡༩༩༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་ཐོབ། ལས་ཡུན་རིང་སྨན་རྩིས་ཁང་གི་སྨན་སློབ་དང་སྨན་པ་མི་ཉུང་བར་སྨན་དཔྱད་ཉམས་གསོག་སློབ་སྟོན་དང་གཞུང་བཤད་སློབ་འཁྲིད་ཞུས། སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ནཱོར་ཝེ། Norway སུ་ཌེན། Sweden སུད་སི། Swiss ཕཱ་རཱནས་ France ཉི་ཧོང་། Japan ཨ་རི། USA བཅས་སུ་སྨན་སྐོར་དང་། གཏམ་བཤད། འགྲེམས་སྟོན་གནང་། ད་ལྟའི་འཆར་རྡ་སྟེང་ཡན་ལག་སྨན་ཁང་དུ་བརྟག་དཔྱད་སྨན་པ་དང་སྐུ་བཅར་སྨན་པའི་ལས་འགན་ཞུ་མུས་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་རྩིས་རམས་པ་ལྷ་དབང་ཚེ་རིང་ལགས།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༡ ནས་སྐར་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༧ ཟླ་ ༦ ཚེས་ ༡ ཉིན་གནས་ཚུལ་ཕྱོགས་སྒྲིག་དང༌། པར་སྐྲུན་སྡེ་ཚན་གྱི་སྐར་རྩིས་པའི་ལས་གནས་སུ་གནས་སྤོས་ཐོག་སྨན་རྩིས་སློབ་དེབ་པར་སྐྲུན་དང་། དཔེ་རྙིང་མཁོ་བསྒྲུབ། སྨན་རྩིས་དུས་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་གནང་། ཕྱི་ལོ་ ༢༠༠༤ ཟླ་ ༥ ཚེས་ ༡ ཉིན་སྐར་རྩིས་སྡེ་ཚན་ཁོངས་ཀྱི་སྐར་རྩིས་ཉམས་ཞིབ་པའི་ལས་བཀོད་གནང་བ་དང༌། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ ཉིན་དཔེ་དེབ་ཞིབ་འཇུག་དང༌། པར་སྐྲུན་སྡེ་ཚན་གྱི་སྐར་རྩིས་པར་གནས་སྤོས་ཐོག་སྨན་རྩིས་གཙོས་པའི་ཕྱག་དཔེ་དཀོན་རིགས་མཁོ་བསྒྲུབ་དང་ཞིབ་འཇུག་ལས་འགན་བསྒྲུབ་བཞིན་ཡིན། རང་ཉིད་ནས་བོད་ཀྱི་སྐར་དཔྱད་རྩིས་རིགས་ཀྱི་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་བའི་གྲུབ་འབྲས་སུ་ཕྱི་ལོ་ ༢༠༠༠ ཟླ་ ༤ ཚེས་ ༡ ནས་རྩིས་རམས་པ་ཆུང་བར་གནས་སྤར་ཐོབ་པ་དང༌། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༧ ཉིན་དཔེ་དེབ་ཞིབ་འཇུག་དང༌། པར་སྐྲུན་སྡེ་ཚན་གྱི་འགན་འཛིན་གཞོན་པ་དང། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ནས་དེ་གའི་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་གཞག་གནང་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་དུ་སྐར་དཔྱད་རྩིས་ཀྱི་རིག་པའི་ཞབས་འདེགས་བསྒྲུབས་ཡོད།
སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༡ ནས་སྨན་སྦྱོར་ཁང་གི་སྨན་པའི་ལས་འཁུར་ཞུས། སྨན་སྦྱོར་ཁང་གི་སྨན་པ་འགན་འཛིན་ཞིང་གཤེགས་བསྟན་འཛིན་རྣམ་རྒྱལ་མཆོག་དང་། བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་རྣམ་གཉིས་དང་། སྐུ་བཅར་སྨན་པ་རྣམ་རྒྱལ་ཚེ་རིང་བཅས་ནས་དངུལ་ཆུ་བཙོ་ཐལ་གྱི་ལག་ལེན་དང། རིན་ཆེན་རིལ་བུའི་སྦྱོར་བཟོ། སྨན་རྫས་ཁག་གི་དུག་འདོན་གཡའ་ཕྱིས་དང་སྡེབ་སྦྱོར་ལག་ལེན་གྱི་ཆ་ལག་ཡོངས་རྫོགས་གསན་བསམ་མྱོང་འཚོར་མཐར་ཕྱིན་པར་བརྟེན་ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༡ ནས་སྨན་སྦྱོར་ཁང་གི་འགན་འཛིན་གཞོན་པའི་ལས་གནས་ཐོག་བསྐོ་གཞག་གནང་། སྨན་སྦྱོར་ཁང་གི་དགོས་མཁོ་ལྟར་སྨན་རྒྱུ་མཁོ་བསྒྲུབ་དང་། སྨན་རྩིས་སློབ་མ་རྣམས་ལ་སྔོ་སྨན་ངོ་སྤྲོད་ཀྱི་སློབ་ཁྲིད་འགན་འཁུར་ཞུས། ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་ ༡༨ ནས་ཟླ་གསུམ་རིང་ཉི་ཧོང་དུ་དེང་དུས་རིག་གསར་ཐོག་སྔོ་སྨན་བརྟག་དཔྱད་དང་སྤུས་ཚད་དབྱེ་ཞིབ་ཀྱི་ཟབ་སྦྱོང་དུ་བསྐྱོད། ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༣ ནས་སྨན་སྦྱོར་ཁང་གི་འགན་འཛིན་དུ་བསྐོ་གཞག་གནང་། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༢༠༠༠ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་ཐོབ་པ་བཅས་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་དུ་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
སྦེང་ལོར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས།
ཁོང་གིས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༡ ནས་ཐོག་མར་སྦེལ་སྐོབ་ཡན་ལག་སྨན་ཁང་དུ་སྨན་པའི་ལས་འཁུར་ཞུས། སྐབས་དེར་བོད་སྨན་གྱིས་འབྲས་ནད་ལ་ཕན་བསྐྱེད་ཇི་འདྲ་ཡོད་མེད་ཐད་ཉམས་ཞིབ་ཀྱང་གནང་འགོ་བཙུགས་ཏེ་ཉམས་ཞིབ་སྨན་པའི་ལས་འགན་ཡང་གཅིག་ལྕོགས་ཞུས། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡ ཉིན་སྦེང་ལོར་ཡན་ལག་སྨན་པ་འགན་འཛིན་གྱི་ལས་གནས་སུ་གནས་སྤོ་གནང་། དེར་འབྲས་ནད་ཉམས་ཞིབ་ཀྱི་ལས་གཞི་མཇུག་སྐྱོང་གནང་མུས་ཐོག་སྨན་རྩིས་ཁང་གི་སྤྱི་ཡོངས་ནད་བཅོས་ཉམས་ཞིབ་ཐད་དམིགས་བསལ་དོ་འཁུར་གྱིས་ད་བར་སྨན་རྩིས་ཁང་དང༌། ལྡི་ལི་རྒྱལ་ཡོངས་སྨན་གྱི་མཐོ་སློབ་AIIMS མཉམ་འབྲེལ་ཐོག་གཅིན་སྙི་མངར་ནད་གསར་པ་དང༌། འབྲས་ནད་གཉིས་ལ་བོད་སྨན་གྱི་ཕན་ནུས་ཇི་ཐོན་སྐོར་ཉམས་ཞིབ་ཀྱི་གྲུབ་འབྲས་ལེགས་སོན་བྱུང་ཡོད། སྦེང་ལོར་ཉེ་ཁུལ་གྱི་གྲོང་ཁྱེར་ཅེན་ནའི། ཧེ་དྷ་ར་སྦཏ། ཀོ་ཅི། ཀེ་རེ་ལ་རྒྱལ་ས་བཅས་སུ་ཟླ་རེར་སྨན་སྐོར་བསྐྱོད་པར་ཅེན་ནའི་དང༌། ཧེ་དྷ་ར་སྦཏ་རུ་ཡན་ལག་སྨན་ཁང་གསར་འཛུགས་བྱུང་ཡོད། ཕྱི་ལོ་ ༢༠༠༧ ནས་ ༢༠༡༠ བར་ལོ་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འགན་བཞེས། རང་ཉིད་ནས་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ ༡༩༩༩ ཟླ་ ༤ ཚེས་ ༡ ཉིན་སྨན་རམས་པ་ཆུང་བར་གནས་སྤར་གནང་། ལས་ཡུན་རིང་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་རྒྱལ་སྤྱིའི་སྨན་གྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་དང་། ཕྱི་རྒྱལ་ཡུལ་གྲུ་ཕ་རན་སི། France ཇར་མན། Germany སུད་སི། Swiss ཧོ་ལེནཌ། Holland ལྷོ་ཀོ་རི་ཡ། South Korea ཕི་ལིབ་པིན་ Philipines བཅས་སུ་བསྐྱོད་དེ་བརྟག་དཔྱད་སྨན་བཅོས་དང༌། བོད་སྨན་སྐོར་གཏམ་བཤད་གནང༌། སྨན་རྩིས་ཁང་གི་སློབ་མ་མི་ཉུང་བར་ཉམས་གསོག་སློབ་ཁྲིད་དང༌། བོད་ཀྱི་གསོ་རིག་གཞུང་ལུགས་ལ་སྦྱངས་པ་དང་ལག་ལེན་རྒྱུད་འཛིན་བགྱིས་པའི་ངོས་ལེན་དུ་རྒྱ་གར་ Indian Board of Alternative Medicine དང༌། American Institute of Intellectuals and Excellent Service ཞེས་པའི་ཚོགས་པ་ཁག་ནས་གཟེངས་རྟགས་དང་ཕྱག་ཁྱེར་གནང་ཡོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
དམིགས་བཀར་རྩིས་ཀྱི་ལས་རིགས་དོ་དམ་པ་རྩིས་རམས་པ་རྡོ་རྗེ་དབང་རྒྱལ་ལགས།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༡ ནས་སྐར་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༥ ཟླ་ ༤ ཚེས་ ༡༠ ནས་སྐར་རྩིས་སྡེ་ཚན་གྱི་འགན་འཛིན་ལས་གནས་སུ་བསྐོ་བཞག་གནང་། སྐར་རྩིས་སྡེ་ཚན་དུ་སྨན་རྩིས་ཁང་གི་རྩིས་སློབ་ཉམས་གསོག་པར་སློབ་ཁྲིད་དང༌། སྐུའི་དགུང་བཀག་སྐེག་རྩིས་འདོན་རྒྱུའི་ལས་དོན་རྣམས་བསྒྲུབས་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡ ནས་དམིགས་བཀར་རྩིས་ཀྱི་ལས་རིགས་འགན་འཁུར་བར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༦ ལོར་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཉི་ཧོང་དུ་བསྐྱོད་དེ་བོད་ཀྱི་སྐར་དཔྱད་རྩིས་རིག་སྐོར་གཏམ་བཤད་དང༌། རྩིས་འབྲས་འདོན་སྤེལ་ཞུས། ལས་ཡུན་རིང་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང༌། ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་མི་གནང་ཡོད། རང་ཉིད་ནས་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ཐད་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༢༠༠༠ ཟླ་ ༤ ཚེས་ ༡ ནས་རྩིས་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་རྩིས་རམས་པ་འབྲིང་བར་གནས་སྤར་ཐོབ་པ་བཅས་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་རིག་པའི་ཞབས་འདེགས་བསྒྲུབས་ཡོད།
ཨིན་དྲུང་ཚེ་བརྟན་རྡོ་རྗེ་ལགས།
ཁོང་ཕྱི་ལོ་ ༡༩༨༩ ཟླ་ ༡༡ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ཕྱི་རྒྱལ་ནད་པ་དང༌། སྨན་རྩིས་ཁང་དབར་སྨན་བཅོས་ཡིག་འཕྲིན་གཏོང་མི་ཨིན་དྲུང་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༡ ནས་སྨན་རྩིས་ཁང་གི་འགན་འཛིན་གྱི་ཨིན་དྲུང་དུ་བསྐོ་གཞག་གནང་བ་ནས་ད་བར་འགན་འཛིན་རིམ་བྱོན་གྱི་ཨིན་དྲུང་གནང་མུས་ཡིན། ལས་ཡུན་རིང་སྨན་རྩིས་ཁངགི་སྐུ་ཚབ་ཏུ་ཕྱི་ལོ་ ༡༩༩༥ ལོར་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཇར་མན། Germany སུད་སི། Swiss ཕཱ་རནས་ France ཨིཊ་ལི། Italy ཧོ་ལེནཌ། Holland ཨིན་ཡུལ། England སུ་ཌན། Sweden ཨོ་སི་ཀྲེ་རི་ཡ། Austria བཅས་སུ་སྨན་སྐོར་བསྐྱོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ལྷོ་ཨ་མི་རི་ཀ་ཨར་ཇན་ཀྲི་ན། Argentina ཅི་ལི། Chille ཀོ་ལོམ་སྦི་ཡ་ Columbia བཅས་སུ་སྨན་སྐོར་དུ་བསྐྱོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
རྡ་སྟེང་ཡན་ལག་སྨན་སྤྲོད་ཀུན་འཛོམས་བཟང་མོ་ལགས།
ཁོ་མོ་ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༡ ནས་སྨན་རྩིས་ཁང་གི་བལ་ཡུལ་རྒྱལ་སར་ཡན་ལག་སྨན་ཁང་གསར་འཛུགས་དང་བསྟུན་དེ་གའི་སྨན་སྤྲོད་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༧ ཉིན་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་གནས་སྤོས་གནང་། ཕྱི་ལོ་ ༢༠༠༠ ཟླ་ ༤ ཚེས་ ༡༤ ཉིན་དབུས་སྨན་རྩིས་ཁང་གི་སྨན་མཛོད་ཕྱིར་གཏོང་ཁོངས་སུ་སྨན་སྤྲོད་པའི་ལས་གནས་སུ་གནས་སྤོས་གནང་། དེའི་རིང་རྡ་ས་ཉེ་འཁོར་དང༌། མངའ་སྡེ་གཞན་དུ་སྨན་སྐོར་དུ་བསྐྱོད་པ་དང༌། ཕྱི་ལོ་ ༢༠༠༣ ཟླ་ ༡༠ ཚེས་ ༡ ཉིན་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་གནས་སྤོས་གནང་། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་རྡ་སྟེང་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་གནས་སྤོས་ཐོག་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་བློ་བཟང་ཆོས་འབྱོར་ལགས།
ཁོང་ཕྱི་ལོ་ ༡༩༨༧ ལོར་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༡ ནས་ཐོག་མར་མོན་གྷོ་འདོད་རྒུ་གླིང་སྨན་རྩིས་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། ཕྱི་ཟླ་ ༧ ཚེས་ ༡༨ ཉིན་བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ཡན་ལག་སྨན་ཁང་གི་སྨན་པ་དང༌། རྩིས་པ་གཅིག་ལྕོགས་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༡ ནས་བལ་ཡུལ་རྒྱལ་སར་ཆ་ཏ་སྤ་ཀྲི་ཡན་ལག་སྨན་ཁང་གི་སྨན་པའི་ལས་གནས་སུ་གནས་སྤོས་གནང་། ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་ ༡༠ ནས་སླར་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་དུ་དེ་གའི་ཡན་ལག་སྨན་པ་འགན་འཛིན་གྱི་ལས་གནས་སུ་གནས་སྤོས་གནང་། ཕྱི་ལོ་ ༢༠༠༤ ཟླ་ ༩ ཚེས་ ༢༥ ཉིན་ར་ཇི་པུར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་གནང་། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༣༠ ཉིན་དབུས་སྨན་རྩིས་ཁང་གི་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་སྨན་པའི་ལས་བཀོད་དང༌། ཟླ་ ༧ ཚེས་ ༡ ནས་སྡེ་ཚན་དེའི་འགན་འཛིན་སྨན་པའི་ལས་གནས་སུ་བསྐོ་བཞག་གནང་། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ ༡༩༩༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་ཆུང་བ་དང། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་གནང་། ལས་ཡུན་རིང་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་མོ་སི་ཁོ་ Moscow དང། ཀ་ཛག་ཀ་སི་ཐན་ Kazakhsthan དུ་སྨན་སྐོར་དང་བོད་སྨན་སྐོར་གཏམ་བཤད་གནང་། སྨན་རྩིས་ཁང་གི་སློབ་མ་མི་ཉུང་བར་ཉམས་གསོག་སློབ་ཁྲིད་དང་འཕྲོད་བསྟེན་གཏམ་བཤད་གནང་། ད་ལྟའི་འཆར་སྨན་རྩིས་ཁང་གི་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་མི་གནང་བཞིན་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
ལྡི་ལི་ནེ་འཛམ་མུ་ལྡིན་ཡན་ལག་སྨན་རམས་པ་པདྨ་དབྱངས་ཅན་ལགས།
ཁོ་མོ་སྨན་རྩིས་ཁང་དུ་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༡ ནས་ཐོག་མར་སྦུབ་ནེ་ཤི་བར་ཡན་ལག་སྨན་ཁང་དུ་སྨན་པ་འགན་འཛིན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༨༩ ཟླ་ ༧ ཚེས་ ༡ ནས་ལྡི་ལི་ནེ་འཛམ་མུ་ལྡིན་ཡན་ལག་སྨན་པར་གནས་སྤོས་གནང་། ཕྱི་ལོ་ ༢༠༠༡ ཟླ་ ༠༨ ཚེས་ ༢༥ ཉིན་ནེ་འཛམ་མུ་ལྡིན་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་གནས་སུ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༨ ཉིན་ལྡི་ལི་ལ་དྭགས་ནང་དགོན་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་གནང་བ་དང༌། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡ ནས་སླར་ནེ་འཛམ་མུ་ལྡིན་ཡན་ལག་སྨན་ཁང་གི་སྨན་པར་གནས་སྤོས་གནང་། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ ༡༩༩༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་ཆུང་བར་གནས་སྤར་ཐོབ། སྨན་རྩིས་ཁང་གི་སྨན་སློབ་མི་ཉུང་བར་ཉམས་གསོག་སློབ་ཁྲིད་གནང་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
སྒང་ཏོག་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ་རིག་འཛིན་སྒྲོལ་མ་ལགས།
ཁོ་མོ་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༨༨ ཟླ་ ༡༠ ཚེས་ ༡ ནས་ཐོག་མར་སྒང་ཏོག་ཡན་ལག་སྨན་ཁང་དུ་སྨན་རྩིས་ལས་སྣེ་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༦ ཟླ་ ༡༢ ཚེས་ ༣༡ ཉིན་དབུས་སུ་གར་དགོས་ཀྱི་ལས་གནས་སུ་ལས་བཀོད་བྱས། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༡ ནས་སྦིར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་བཀོད་དང༌། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༠ ནས་ཇའི་སྒང་ཡན་ལག་དུ་གནས་སྤོས་གནང་། ཕྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༡༥ ནས་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་གནས་པར་ལས་བཀོད་བྱས། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༩ ནས་སླར་ཇའི་སྒང་ཡན་ལག་ཏུ་སྨན་རྩིས་ལས་སྣེ་བ་དང༌། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༥ ཉིན་སྒང་ཏོག་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
རཇི་པུར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་རམས་པ་ཀུན་བཟང་སྒྲོལ་མ་ལགས།
ཁོ་མོ་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༡ ནས་མན་སྤར་ཡན་ལག་སྨན་ཁང་གསར་པའི་སྨན་པ་འགན་འཛིན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༨༩ ཟླ་ ༥ ཚེས་ ༡༠ ཉིན་ཌལ་ཧོར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་གནང་། ཌལ་ཧོར་བཞུགས་རིང་དགུན་དུས་གནས་མཆོག་རྡོ་རྗེ་གདན་དུ་རྟག་འཆར་སྨན་སྐོར་བསྐྱོད་པ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༠ ཉིན་རཇི་པུར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་གནས་སུ་གནས་སྤོས་གནང་། རཇི་པུར་སྨན་པའི་ལས་འཁུར་རིང་མ་སུ་རིར་ཟླ་རེ་ཐེངས་གཉིས་རྟག་འཆར་སྨན་སྐོར་བསྐྱོད་པ་དང་། ཕྱི་ལོ་ ༢༠༠༦ ལོར་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཀ་ཛག་ཀ་སི་ཐན་ Kazakhsthan དུ་བརྟག་དཔྱད་སྨན་སྐོར་དུ་བསྐྱོད། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ ༡༩༩༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་ཐོབ། སྨན་རྩིས་ཁང་གི་སྨན་སློབ་མི་ཉུང་བར་ཉམས་གསོག་སློབ་ཁྲིད་གནང་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༡ ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༤ ལོར་སློབ་སྤྱི་གཞོན་པའི་ལས་གནས་ཐོག་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡ ནས་སློབ་སྤྱིའི་ལས་གནས་སུ་བསྐོ་བཞག་གནང་། སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ཧོ་ལེནཌ། Holland ཇར་མན། Germany ཨ་རི། USA ཨིན་ཡུལ། England ཕ་རན་སི། France ཨོ་སི་ཀྲེ་རི་ཡ་ Austria བཅས་སུ་སྨན་སྐོར་དང༌། བགྲོ་གླེང་ཁག་ལ་གཏམ་བཤད་གནང་བ་དང༌། དཔྱད་རྩོམ་སྤེལ། སྨན་རྩིས་ཁང་གི་མཐོ་སློབ་ནང་ཕྱི་མི་དོན་གཉེར་ཅན་རྣམས་ལ་བོད་སྨན་སྐོར་ཟབ་སྦྱོང་གོ་སྒྲིག་དང༌། སྨན་སློབ་རྣམས་ཀྱི་སློབ་ཚན་ཆ་བགོས་རྩོམ་སྒྲིག་དང༌། ཕྱི་ལོ་ ༡༩༩༤ ལོར་ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་གནང༌། ཕྱོགས་མཚུངས་སྨན་པའི་ལྷན་ཚོགས་ཀྱི་བཀའ་ཁྱབ་འོག་སྨན་པ་བསྡུས་ར་བ་དང༌། སྨན་པ་དཀའ་བཅུ་པའི་སློབ་ཚན་སྒྲོམ་གཞིའི་ཚོགས་མི་གནང༌། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༡༩༩༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་ཐོབ་པ་བཅས་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
སྨན་རྩིས་མཐོ་སློབ་ཁང་གི་རྩིས་དགེ་རྩིས་རམས་པ་དཀོན་མཆོག་བསྟན་འཛིན་ལགས།
ཁོང་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ལ་སྦྱངས་པ་མཐར་སོན་ཏེ་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༡ ནས་སྐར་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡ ནས་སྨན་རྩིས་མཐོ་སློབ་ཁང་གི་སྐར་རྩིས་པའི་དགེ་རྒན་དུ་བསྐོ་གཞག་གནང་། རང་ཉིད་ནས་བོད་ཀྱི་སྐར་དཔྱད་རྩིས་ཀྱི་རིག་པའི་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༢༠༠༠ ཟླ་ ༤ ཚེས་ ༡ ནས་རྩིས་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་རྩིས་རམས་པ་འབྲིང་བར་གནས་སྤར་གནང་བ་བཅས་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་རིག་ཐོག་ཞབས་འདེགས་བསྒྲུབས་ཡོད།
ཧོན་སུར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ་ཕུར་བུ་སྒྲོལ་མ་ལགས།
ཁོ་མོ་ཕྱི་ལོ་ ༡༩༨༩ ཟླ་ ༥ ཚེས་ ༡༦ ནས་ཀོ་ལི་གྷལ་ཡན་ལག་སྨན་ཁང་དུ་སྨན་རྩིས་ལས་སྣེ་བའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༡༠ ཉིན་སྦེལ་སྐོབ་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣ ཉིན་ཧོན་སུར་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
མོན་གྷོ་གཞིས་སྒར་དྲུག་པའི་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ་བསོད་ནམས་གཡང་སྒྲོལ་ལགས།
ཁོ་མོ་ཕྱི་ལོ་ ༡༩༨༩ ཟླ་ ༩ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༣ ཟླ་ ༢ ཚེས་ ༡ ནས་སྦེལ་སྐོབ་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་། དེ་ནས་ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༡༥ ནས་མོན་གྷོ་གཞིས་གྲོང་ ༦ ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་པར་གནས་སྤོས་བཀོད་སྒྲིག་ཐོག་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།