༢༠༡༤ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༡ ཉིན་བཏང་གནས་ནང་འཁོད་དོན། ཁ་ཉིན་ཕྱི་ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེགས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ངང་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་ནང་སྦེང་ལོར་གནས་སྡོད་མི་མང་དང་སློབ་ཕྲུག་རྣམས་རང་ལུགས་ཆས་གོས་གཟབ་མཆོར་གྱིས་ཐོག་མར་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་བཅོལ་གནད་སྨིན་གྲུབ་རྗེས་ཀྭི་སོ་ལྷ་རྒྱལ་འཐེན་རྗེས་ཆུ་ཚོད་ ༡༠ པའི་ཐོག་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་ཀར་ན་ཊ་ཀ་མངའ་གཞུང་གི་ནང་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་པི་ཇི་ཨར་སིན་དྷི་ཡ་ P.G.R Sindhia མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས་སྐུ་མགྲོན་རྣམ་པ་དང་ཚོགས་སྡེ་ཁག་གི་འགན་འཛིན་དང་ཚོགས་གཙོ་རྣམས་ཀྱིས་རིམ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་མཚམས། བོད་ཁྱིམ་སྡོད་ཁང་གི་སློབ་ཕྲུག་རྣམས་ཀྱིས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་ནོ་བེལ་ཞི་བདེའི་སྟོད་དབྱངས་བཏང་།
དེ་རྗེས་སྦེང་ལོར་ལྷོ་སྤྱི་ཀརྨ་སེང་གེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་དཔལ་ལྡན་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་བསྟུན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་དྲུང་རྡོ་རྗེ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། དེ་རྗེས་ཀར་ན་ཀྲ་ཀ་མངའ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ནས་འགྲོ་གྲོན་བཏང་སྟེ་པར་བསྐྲུན་ཞུས་པའི་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་དགོན་སྡེ་ཁག་དང་རིག་གཞུང་བསྟི་གནས་བཅས་ཀྱི་སྐོར་ Little Tibet ཞེས་པའི་དེབ་ཆུང་ཞིག་སྐུ་མགྲོན་གཙོ་བོ་མཆོག་གིས་དབུ་འབྱེད་གནང་། དེ་ནས་ཆེ་བསྟོད་སྐུ་མགྲོན་སྐུ་ཞབས་ཨ་སིཝ་ཨིཁ་བལ་ Mr. Asif Iqbal, Honorary Consul of Republic of Suriname ལགས་དང་། སྐུ་ཞབས་ཝི་ཝ་ཡེ་ Dr. Vevai Medical Superintendent of MVJ Hospital ལགས་རྣམ་གཉིས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་།
སྐབས་དེར་ Dr. Vevai ལགས་ཀྱིས་ MVJ Hospital སྨན་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེ་པོ་མཆོག་ལ་ཆེ་བསྟོད་དང་གུས་བཀུར་མཚོན་བྱེད་དང་། མགོན་པོ་གང་ཉིད་མཆོག་འཆར་ལོར་དགུང་གྲངས་ ༨༠ ལ་ཕེབས་པའི་དགའ་སྟོན་ཆེད་དུས་ཡུན་ལོ་ངོ་གཅིག་རིང་སྦེང་ལོར་ཁུལ་གནས་སྡོད་བོད་མི་རྣམས་ལ་སྨན་བཅོས་ཁག་གཅིག་རིན་མེད་ཐོག་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་གི་ཉིན་མོ་འདི་ནི་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་མི་མང་ནས་དགའ་སྤྲོ་ཆེན་པོའི་ཐོག་སྲུང་བརྩི་གནང་འོས་པའི་ཉིན་མོ་གལ་ཆེ་ཞིག་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱལ་སྤྱིའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཡང་དག་པ་ཞིག་ཡིན་པ་དང་། མགོན་པོ་གང་ཉིད་མཆོག་ནི་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ། འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་མཛད་ཐབས་བཅས་ཀྱི་ཆེད་ཉིན་མཚན་ཀུན་ཏུ་སྐུ་ལས་སྐྱོན་མཁན་གྱི་རླབས་ཆེན་དབུ་འཁྲིད་ཅིག་ཡིན་པ་དང་། བོད་རྒྱའི་དཀའ་རྙོག་དེ་ཡང་འཚེ་མེད་ཞི་བའི་ཐབས་ལམ་ནས་སེལ་ངེས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སྦེང་ལོར་སྨན་རྩིས་ཁང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་སུ་ལོ་ངོ་ ༢༥ ཧྲིལ་པོར་སྨན་རྩིས་ཁང་དུ་ཞབས་འདེགས་ཞུས་པར་ལེགས་གསོའི་ཕྱག་འཁྱེར་གནང་། དེ་བཞིན་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ལས་བྱེད་བཀྲིས་བཟང་མོ་ལགས་ལོ་ངོ་ ༢༠ ལྷག་བོད་ཁྱིམ་ནང་ཞབས་འདེགས་ཞུས་པར་ལེགས་གསོའི་ཕྱག་རྟགས་གནང་། མཇུག་ཏུ་དགའ་སྟོན་རྟེན་འབྲེལ་གྱི་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་རྗེས་བོད་ཁྱིམ་སྡོད་ཁང་འགན་འཛིན་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།