༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅།།བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ལྔ་པའི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་༸ཞབས་ཀྱི་པད་མོ་མངོན་པར་བཀོད་པ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གུས་ཕྱག་འབུལ་བ་དང་ཆབས་གཅིག བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་རྣམ་པ། ཐེངས་འདིའི་ཤེས་རིག་ཚོགས་ཆེན་དུ་ཚོགས་བཅར་གནང་བའི་བཙན་བྱོལ་བོད་མིའི་སློབ་གྲྭའི་སྤྱི་ཁྱབ་དབུ་འཛིན་རྣམ་པས་དབུས་པའི་ཚོགས་འཐུས་རྣམ་པ་བཅས་གདན་འཛོམས་པའི་དབུས་སུ། གུས་ཅག་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་བབས་དང་ལས་དོན་སྙན་ཐོ་སྙིང་བསྡུས་ཤིག་སྙན་སྒྲོན་ཞུ་རྒྱུར།
༡༽ སློབ་གྲྭ་དང་སློབ་ཕྲུག་གི་གྲངས་ཐོ།
རྒྱ་བལ་འབྲུག་གསུམ་ཁུལ་དུ་ཤེས་རིག་ལས་ཁུངས་སུ་དེབ་འགོད་ཡོད་པའི་གཞི་རིམ་སློབ་གྲྭའི་གྲངས་ཆ་ལ་དུས་ནས་དུས་སུ་འཕར་ཆག་ཅི་རིགས་བྱུང་དང་འབྱུང་བཞིན་ཡོད་པ་ལྟར། ད་ལྟའི་ཆར་སྔོན་འགྲོའི་སྡེ་ཚན་ཁག་ཟུར་དུ་མ་བརྩིས་པའི་སློབ་གྲྭ་ཁག་ ༧༧ དང་། དེ་དག་ཏུ་སློབ་ཕྲུག་ཕོ་མོ་གྲངས་ ༢༦༩༦༥ ཡོད། སློབ་ཕྲུག་གི་རྩ་འབོར་གྱི་བརྒྱ་ཆ་ ༡༢ རྒྱ་བལ་ཡུལ་མིའི་ཕྲུ་གུ་དང་། བརྒྱ་ཆ་ ༡༩ བོད་ནས་གསར་འབྱོར་ཕྲུ་གུ། དེ་བྱིངས་བརྒྱ་ཆ་ ༦༩ སྐྱབས་བཅོལ་བོད་ཕྲུག་ཡིན། སློབ་གྲྭ་དེ་དག་ཏུ་དགེ་ལས་གྲངས་ ༢༣༨༤ ཡོད་ཁོངས་ནས་བོད་རིགས་དགེ་ལས་གྲངས་ ༡༧༤༦ ཡོད། གོང་ཞུས་གྲངས་ཐོའི་ནང་མེད་པ་སློབ་ལོ་བརྒལ་བའི་དམིགས་བསལ་སློབ་ཁང་ཤེས་རབ་དགའ་ཚལ་སློབ་གླིང་དུ་ད་ལྟ་སློབ་ཕྲུག་གྲངས་ ༤༨༩ དང་དགེ་ལས་གྲངས་ ༥༤ ཡོད།
ལོ་རབས་ ༩༠ པའི་མགོ་སྟོད་ཙམ་ནས་བཟུང་བོད་ཁྱིམ་གཉིས་ཕུད་པའི་སློབ་གྲྭའི་སྡེ་ཚན་ཁག་ཏུ་བོད་ཕྲུག་སློབ་ཞུགས་བྱེད་མཁན་ཉུང་དུ་སོང་ཡོད་པ་དང་། བར་ལམ་ནས་ཅུང་ཟད་དྲག་ཏུ་སོང་ཡོད་ཀྱང་། རྩ་བའི་གནས་སྟངས་དེར་འགྱུར་བ་ཆེར་མེད་པར་གནས་བཞིན་ཡིན། དེར་ཞིབ་འཇུག་སྐབས་རྩ་བའི་རྒྱུ་མཚན་གསུམ་ཐོན་པ། དང་པོ། ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཁྲོད་དུ་འཛམ་གླིང་སྤྱི་འགྲོས་ལྟར་ཕྲུ་གུ་སྐྱེ་ཚད་དམའ་རུ་ཕྱིན་པ། གཉིས་པ། དཔལ་འབྱོར་འཁོས་བབས་བཟང་དུ་སོང་བའི་ཁྱིམ་ཚང་མང་པོས་ཕྲུ་གུ་རྒྱ་གར་གྱི་སྒེར་སློབ་སོགས་སུ་བཏང་བ། གསུམ་པ། བོད་མི་མང་པོ་ནུབ་ཕྱོགས་སུ་ཞལ་ཕྱོགས་ཏེ་ཕྱི་བསྐྱོད་གནས་སྤོས་ཕེབས་བཞིན་ཡོད་པ་བཅས་ཡིན། གོང་གི་རྒྱུ་མཚན་དང་པོ་དང་གསུམ་པ་གཉིས་འགོག་ཐབས་དཀའ་ཡང་། རྒྱུ་མཚན་གཉིས་པ་འགོག་ཐབས་བཟང་ཤོས་ནི། རང་རེའི་སློབ་གྲྭ་ཁག་གི་ཕྱི་ནང་གི་མཐུན་རྐྱེན་དང་སློབ་སྦྱོང་གི་སྤུས་ཚད་བཟང་དུ་གཏོང་རྒྱུ་དེ་ཡིན་པ་ལྟར། དེ་ཐད་འབད་རྩོལ་གནད་བསྣུན་གང་ནན་ཞུས་པ་ལ་བརྟེན་ནས་སློབ་གྲྭའི་སྡེ་ཁག་ཅིག་ལ་ཕན་སྐྱེས་ཀྱང་གང་ལེགས་བྱུང་སོང་།
༢༽ གཞི་རིམ་སློབ་གྲོན་རོགས་སྐྱོར།
ཕྱི་ལོ་ ༡༩༦༣ ལོའི་བོད་ཀྱི་རྩ་ཁྲིམས་རིན་པོ་ཆེའི་ནང་རང་ལོ་ ༡༤ བར་སློབ་སྟོན་གླ་ཡོན་རིན་མེད་ཐོག་ནས་སློབ་སྦྱོང་གོ་སྐབས་སྤྲོད་དགོས་དང་། ཕྱི་ལོ་ ༡༩༩༡ ལོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་སློབ་ལོ་སོན་པའི་སློབ་ཕྲུག་ཚང་མར་སློབ་སྦྱོང་གོ་སྐབས་སྤྲོད་དགོས་གསལ་བ་རྣམས་ཕྱག་ལེན་གང་ལེགས་འཁེལ་བཞིན་ཡོད་མུར། ཕྱི་ལོ་ ༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱུང་བའི་ནང་གཞི་རིམ་འཛིན་གྲྭ་ ༡༢ པ་བར་སློབ་ཕྲུག་ཚང་མར་རང་གི་ཁྱིམ་ཚང་ནས་སློབ་སྟོན་གླ་ཡོན་འབུལ་མི་དགོས་པའི་སློབ་སྦྱོང་གོ་སྐབས་སྤྲོད་དགོས་གསལ་ཡོད་པ། སློབ་གྲྭའི་འཛིན་སྐྱོང་སྡེ་ཚན་སོ་སོ་ནས་ཕྱག་ལེན་འཁེལ་ཐབས་གནང་དགོས་སྐོར་ཞིབ་གསལ་ལམ་སྟོན་བཀོད་ཁྱབ་ཞུས་དོན་ལྟར། སློབ་གྲྭ་ཕལ་མོ་ཆེས་ཕྱག་བསྟར་གནང་མུས་ཡིན། སློབ་སྟོན་གླ་ཡོན་མ་ཡིན་པའི་ཟས་གོས་གནས་མལ་སོགས་ཀྱི་གླ་ཡོན། སློབ་སྡེ་སོ་སོས་ཕྲུ་གུའི་ཁྱིམ་ཚང་ནས་བསྡུ་བཞེས་གནང་བཞིན་པ་རྣམས་ཀྱང་ཕལ་ཆེ་བ་འགྲོ་སོང་ངོ་མ་ལས་ཆུང་བ་ཡོད་ཅིང་། དངོས་སོང་ཁ་མ་འདུམས་པ་རྣམས་སློབ་སྡེ་སོ་སོས་ཁ་སྐོང་གནང་བཞིན་ཡོད།
༣༽ སློབ་ཕྲུག་ཉམ་ཐག་ལ་འཚོ་སྣོན་རོགས་སྐྱོར།
ཁྱིམ་ཚང་ཉམ་ཐག་ཅན་གྱི་ཕྲུ་གུའི་སློབ་གྲོན་རོགས་སྐྱོར་ཆེད། རྒྱ་གར་གཞུང་ནས་གཏན་སློབ་སློབ་ཕྲུག་གྲངས་ ༡༡༠༤ ལ་སློབ་གྲོན་ཆ་ཚང་གནང་མུས་དང་། ཤེས་རིག་ལས་ཁུངས་ནས་གཏན་སློབ་སློབ་ཕྲུག་གྲངས་ ༢༠༩༥ ལ་སློབ་གྲོན་ཆ་ཚང་དང་སློབ་ཕྲུག་གཞན་ ༣༡༠ ལ་འཚོ་སྣོན་དང་སློབ་དོད་གནང་མུས་ཡིན། བོད་ཁྱིམ་གཉིས་ནས་སློབ་བཞེས་གནང་བའི་ཉམ་ཐག་སོགས་ཀྱི་བཙན་བྱོལ་ཕྲུག་གྲངས་ ༣༧༨༢ ལ་སློབ་གྲོན་ཆ་ཚང་གནང་མུས་དང་། ཉིན་སློབ་སློབ་ཕྲུག་གྲངས་ ༡༣༦༦ ལ་སློབ་གྲོན་གཏོང་མུས་རེད་འདུག བལ་ཡུལ་གྱི་གངས་ཅན་བདེ་རྩའི་ཚོགས་པ་དང་སློབ་གྲྭ་སོ་སོའི་འཛིན་སྐྱོང་བཅས་བརྒྱུད་བལ་ཡུལ་ཁུལ་གྱི་བཙན་བྱོལ་བོད་ཕྲུག་གྲངས་ ༧༠༠ སྐོར་ལ་སློབ་ཡོན་རོགས་སྐྱོར་གནང་མུས་རེད་འདུག
༤༽ བོད་ནས་གསར་འབྱོར་སློབ་ཕྲུག་བདག་སྐྱོང་།
ཕྱི་ལོ་ ༡༩༨༠ ནས་ད་བར་བོད་ནས་གསར་དུ་འབྱོར་བའི་སློབ་གྲྭའི་ལོ་ཚད་ཅན་ཕྲུ་གུ་གྲངས་ ༡༣༩༢༢ བོད་ཁྱིམ་གཉིས་སུ་སློབ་འཇུག་བྱུང་ཡོད་པ་ནས། སློབ་ཕྲུག་གྲངས་ ༤༩༢༧ ད་ལྟ་བོད་ཁྱིམ་གཉིས་སུ་ཡོད་མུས་དང་། དེ་དག་ལ་བོད་ཁྱིམ་གཉིས་ནས་གཟིགས་སྐྱོང་དང་སློབ་གྲོན་ནར་གཏོང་གནང་མུས་རེད། དེ་བཞིན་ཕྱི་ལོ་ ༡༩༨༠ ནས་ད་བར་སློབ་གྲྭའི་ལོ་ཚད་བརྒལ་བའི་གསར་འབྱོར་གཞོན་སྐྱེས་གྲངས་ ༦༤༠༢ ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་འཇུག་བྱུང་ཡོད་པ་ནས། སློབ་ཕྲུག་གྲངས་ ༤༨༩ ད་ལྟ་སློབ་ཁང་དེར་ཡོད་མུས་དང་། དེ་དག་ལ་ཤེས་རིག་ལས་ཁུངས་བརྒྱུད་རང་གཞུང་ནས་སློབ་གྲོན་ནར་གཏོང་གནང་མུས་ཡིན།
༥༽ མཐོ་སློབ་སློབ་ཡོན་རོགས་སྐྱོར།
བར་ལམ་ནས་བཟུང་ལོ་རེར་འཛིན་རིམ་ ༡༢ པ་ཐོན་མཁན་སློབ་ཕྲུག་གྲངས་ ༡༠༠༠ བརྒལ་བཞིན་ཡོད་པ་དང་། འདི་ལོ་ ༢༠༠༩ ལོར་འཛིན་རིམ་ ༡༢ ཐོན་མཁན་གྲངས་ ༡༢༠༠ བྱུང་འདུག སློབ་ཐོན་གྲངས་འབོར་དེའི་ཕྱེད་ཀ་ཙམ་བོད་ཁྱིམ་གཉིས་ནས་ཡིན་ཞིང་། ཁོང་ཚོ་ཕལ་མོ་ཆེར་བོད་ཁྱིམ་གཉིས་རང་ཁུངས་ནས་མཐོ་སློབ་སློབ་ཡོན་ཐོབ་བཞིན་ཡོད། གཞན་རྒྱ་གར་བོད་སློབ་འཛིན་ཚོགས་དང་། སམ་བྷོ་ཊ་བོད་སློབ་ཚོགས་པ། བལ་ཡུལ་གངས་ཅན་བདེ་རྩ། ཀལ་མན་ཊོན་གཞིས་སློབ་བཅས་ཀྱི་སློབ་གྲྭའི་ཁོངས་ནས་ཐོན་པའི་སློབ་ཕྲུག་རྣམས་ལ་མཐོ་སློབ་སློབ་ཡོན་ཐོབ་ཁུངས་གཙོ་བོ་རྒྱ་གར་དབུས་གཞུང་དང་ཤེས་རིག་ལས་ཁུངས་གཉིས་ཡིན་ཞིང་། རྒྱ་གར་དབུས་གཞུང་ནས་ལོ་རེར་སློབ་ཡོན་གསར་པ་གྲངས་ ༢༠ རེ་དང་། ཤེས་རིག་ལས་ཁུངས་ནས་ལོ་རེར་སློབ་ཡོན་གསར་པ་གྲངས་ ༡༥༠ ཙམ་རེ་གནང་བཞིན་ཡོད། མདོ་དོན་ལོ་རེའི་འཛིན་རིམ་ ༡༢ པའི་སློབ་ཐོན་པ་རྣམས་ཀྱི་གསུམ་ཆ་གཉིས་ཙམ་ལ་ཁུངས་གང་རུང་ནས་མཐོ་སློབ་སློབ་ཡོན་ཐོབ་བཞིན་ཡོད།
སྤྱིར་འཛིན་རིམ་ ༡༢ པ་ཐོན་པའི་སློབ་ཕྲུག་མཆོག་དམན་བར་གསུམ་ཚང་མ་མཐོ་རིམ་སློབ་གྲྭར་བསྐྱོད་གལ་ཆེ་མིན་དང་། དེ་དག་ཚང་མར་མཐོ་རིམ་སློབ་ཡོན་སྦྱོར་ཐབས་མཆིས་མིན་ནི། རང་རེའི་སྤྱི་ཚོགས་ཀྱི་གང་ཅིའི་གནས་སྟངས་ལ་རྟོག་ཞིབ་ཀྱིས་དགོངས་དཔྱད་དགོས་པ་ཞིག་ཡིན་ཡང་། དེང་སྐབས་མཐོ་སློབ་ཀྱི་ཤེས་ཚད་ལག་འཁྱེར་མེད་པར་ལས་སྒོ་གང་ལའང་ཚུད་ཐབས་དཀའ་བ་དང་། ད་ལྟའང་སྐྱབས་བཅོལ་ཁྱིམ་ཚང་མང་ཆེ་བ་རང་གི་ཕྲུ་གུའི་མཐོ་སློབ་སློབ་ཡོན་སྦྱར་ཐབས་དཀའ་བརྟེན། ཤེས་རིག་ལས་ཁུངས་ནས་རྒྱལ་སྤྱིའི་ཚོགས་སྒེར་ཁག་ལ་རོགས་བསྐུལ་བྱེད་སྐབས་མཐོ་སློབ་སློབ་ཡོན་ཐོག་དམིགས་བསལ་ཤུགས་གནོན་ཞུ་བཞིན་ཡོད། འོན་ཀྱང་རང་རེའི་དགོས་ཚད་དང་མཉམ་པ་ཞིག་ད་བར་ཚོལ་སྒྲུབ་ཐུབ་མ་སོང་། མཐོ་རིམ་སློབ་ཡོན་གྱི་གཞི་རྩའི་གནས་བབས་དེར་དགོངས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་ཤས་སྔོན་ནས་སྐུ་སྒེར་ཡིག་ཚང་བརྒྱུད་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཆེད་སློབ་ཡོན་མ་དངུལ་ཟུར་སྩལ་དང་། ཁྱིམ་ཚང་ཉམ་ཐག་ཅན་སོགས་དམིགས་བསལ་སློབ་ཕྲུག་གི་སྡེ་ཚན་ཆེད་སློབ་ཡོན་ལས་རིམ་ཟུར་འཛུགས་གནང་བ་བཅས་ལས་ཕན་གྲོགས་ཆེན་པོ་འགྱུར་བཞིན་ཡོད། གོང་ཞུས་སློབ་ཡོན་ལས་གཞི་གཉིས་ཐོག་མའི་དགོངས་གཞི་ལྟར་ཕན་ཐོགས་གནད་སྨིན་ཡོང་སླད། དེ་དག་གི་ད་ཡོད་སྒྲིག་གཞི་ཁག་ལ་བསྐྱར་བཅོས་ཞུ་འོས་ཞུས་ཏེ་སློབ་ཕྲུག་མང་ཙམ་ལ་ཕན་ཐོགས་འགྱུར་ཐབས་ཀྱི་འཆར་འགོད་ཞུ་བཞིན་ཡོད། དེ་དག་གི་སྟེང་ལོ་ཤས་གོང་སྐུ་སྒེར་ཡིག་ཚང་དུ་༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཞེས་པ་གསར་འཛུགས་གནང་ཡོད་པའི་ཁུངས་ནས་མཐོ་སློབ་སློབ་ཡོན་ཁག་ཅིག་ཟུར་སྩལ་གནང་རྒྱུ་ཡིན་སྐོར་ཉེ་ཆར་བཀའ་ཕེབས་བྱུང་། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་བཀའ་ཤག་གི་ལམ་སྟོན་ལྟར། རོགས་དངུལ་ལྷག་མ་རྣམས་རྡོག་བསྒྲིལ་གྱིས་གཏན་འཇགས་མ་དངུལ་གྱི་ངོ་བོར་བཞག་ཡོད་པའི་ཁོངས་སུ། མཐོ་རིམ་སློབ་ཡོན་གྱི་གཏན་འཇགས་མ་དངུལ་ཞིག་བཞག་ཡོད་ཅིང་། དེའི་སྐྱེད་འབབ་ཐོག་ནས་མཐོ་རིམ་སློབ་ཡོན་གང་འཚམས་ཤིག་ཐོན་ངེས་ཡོད། གོང་དུ་ཞུས་པའི་གནས་བབས་དེ་དག་ལས་ཚོད་དཔག་བྱས་ན་རྩིས་ལོ་ ༢༠༡༡།༡༢ ཙམ་ནས་ད་ལྟའི་མཐོ་སློབ་སློབ་ཡོན་གྱི་གྲངས་ཚད་ཀྱི་བརྒྱ་ཆ་ ༥༠ ནས་ ༧༠ བར་འཕར་ཆ་ཡོང་རེ་ཡོད་ཅིང་། དེ་ལྟར་བྱུང་ན་འཛིན་རིམ་ ༡༢ པ་ཐོན་པའི་སློབ་ཕྲུག་ཕལ་མོ་ཆེར་ཁུངས་གང་རུང་ཞིག་ནས་མཐོ་རིམ་སློབ་ཡོན་ཐོབ་རེ་ཡོད།
༦༽ མདུན་ལམ་སློབ་སྟོན་ལས་རིམ།
ལོ་རབས་ ༩༠ པའི་ནང་རང་རེའི་སློབ་གྲྭ་ཁག་ནང་མདུན་ལམ་སློབ་སྟོན་པའི་ལས་རིམ་ཐོག་མར་འགོ་འཛུགས་བྱུང་ཡོད་པ་དང་། དེའི་དགེ་མཚན་ར་འཕྲོད་བྱུང་མཚམས་རིམ་པས་འཕེལ་རྒྱས་ཕྱིན་ཡོད། ད་ལྟའི་ཆར་བོད་ཁྱིམ་གཉིས་སུ་སོ་སོའི་དགོས་མཁོ་ལ་གཞིགས་པའི་མདུན་ལམ་སློབ་སྟོན་ལས་བྱེད་ཟུར་དུ་བསྐོ་འཛུགས་ཐུབ་ཡོད་ཀྱང་། དེ་བྱིངས་སློབ་གྲྭ་ཁག་ཏུ་ལས་རིམ་དེའི་རྨང་གཞི་གང་ལེགས་ཚུགས་ཡོད་ཀྱང་སོ་སོའི་མདུན་ལམ་ལས་བྱེད་བསྐོ་འཛུགས་ཐུབ་མེད། གནས་བབས་དེའི་འོག་ནས་ཤེས་རིག་ལས་ཁུངས་ནས་ཉེ་དུས་ལོ་ཤས་ནང་མདུན་ལམ་སློབ་སྟོན་གྱི་ལས་རིམ་སྔོན་ཡོད་དེར་རྒྱ་བསྐྱེད་ཞུས་ཏེ། ད་སྐབས་ལས་ཁུངས་དབུས་སུ་སྤྱི་ཁྱབ་མདུན་ལམ་ཁྱད་ལས་པ་གཅིག་དང་། རྒྱ་གར་ལྷོ་ཕྱོགས་དང་བྱང་ཤར་ས་ཁུལ་གཉིས་སུ་མདུན་ལམ་སློབ་སྟོན་གྱི་ཡན་ལག་ཚན་པ་རེ་གསར་འཛུགས་དང་མདུན་ལམ་ཁྱད་ལས་པ་རེ་བསྐོ་གཏོང་ཞུས་ཡོད་པ་དང་། ཁྱབ་ཁོངས་ས་ཁུལ་སློབ་གྲ་ཁག་ཏུ་སློབ་སྟོན་བསྐོར་བསྐྱོད་སྟར་ཆགས་སུ་ཞུ་བཞིན་ཡོད། འབྱུང་འགྱུར་ལོ་གཉིས་ནང་བལ་ཡུལ་དང་རྒྱ་གར་བྱང་རྒྱུད་ས་ཁུལ་གཉིས་སུ་མདུན་ལམ་སློབ་སྟོན་གྱི་ཡན་ལག་ཚན་པ་རེ་འཛུགས་རྒྱུའི་འཆར་གཞི་བརྒྱུད་རིམ་འགྲོ་བཞིན་ཡོད། འདས་པའི་ལོ་ཤས་ནང་ཤེས་ཡོན་གྱི་ལས་རིམ་སྤེལ་བའི་ཁྲོད་ནས་མདུན་ལམ་སློབ་སྟོན་གྱི་ལས་རིམ་དེ་ཕན་འབྲས་མངོན་གསལ་དོད་ཤོས་ཤིག་བྱུང་སོང་།
༧༽ དགེ་རྒན་གསོ་སྐྱོང་དང་སྦྱོང་བརྡར།
དགེ་རྒན་གསོ་སྐྱོང་གི་ལས་དོན་ནི་དུས་ཐམས་ཅད་དུ་ཤེས་རིག་གི་ལས་དོན་གལ་ཆེ་ཤོས་ཤིག་ཏུ་བཟུང་ཡོད་ཀྱང་། ལོ་རབས་ ༩༠ པའི་མགོ་སྟོད་ཙམ་ནས་དགེ་རྒན་གྱི་ཐོན་ཁུངས་ལ་དཀའ་ངལ་གསར་པ་ཞིག་འཕྲད་འགོ་ཚུགས་ཏེ་དགེ་རྒན་གྱི་ལས་སྒོར་ཞུགས་མཁན་ཇེ་ཉུང་དུ་སོང་ཡོད། དེའི་རྒྱུ་མཚན་དུ་དགེ་རྒན་ལ་མཐོང་འཇོག་དམན་པ་དང་གླ་ཕོགས་སོགས་ཀྱི་མཐུན་རྐྱེན་ཞན་པས་ཡིན་ལུགས་ཡོངས་གྲགས་སུ་གླེང་ཡང་། རྒྱུ་མཚན་དངོས་ནི། དངོས་གཙོའི་ལྟ་སྤྱོད་དང་རིང་ལུགས་ཕྱོགས་ཀུན་ཏུ་ཁྱབ་པའི་ཤུགས་རྐྱེན་རང་ཅག་བོད་མི་རྣམས་ལའང་ཕོག་པའི་དབང་གིས་མིན་ནམ་སྙམ། གང་ལྟར་རུང་དགེ་རྒན་ཚད་ལྡན་མེད་པར་ཤེས་ཡོན་ཚད་ལྡན་ཡོང་ཐབས་མེད་པས། ཤེས་རིག་ལས་ཁུངས་སོགས་འབྲེལ་ཡོད་ཚང་མས་གོང་གི་གནས་སྟངས་ལ་ཐབས་ཤེས་གང་ཡོད་ཀྱིས་གདོང་ལེན་བྱས་པ་ལ་བརྟེན་ནས་འཐུས་ཤོར་ཆེ་རིགས་མ་བྱུང་ཙམ་བྱུང་ཡོད་ཀྱང་། དགོས་མཁོའི་གནས་སྟངས་དང་ཡོངས་སུ་འཚམས་པ་ཞིག་ད་ལྟའང་མེད།
ད་བར་དགེ་རྒན་གྱི་ཐོན་ཁུངས་རྒྱ་གར་གྱི་མཐོ་རིམ་སློབ་ཁང་ཁག་དང་། ཝ་ཌྷ་མཐོ་སློབ། ས་ར་མཐོ་སློབ། ལྷ་ས་བོད་ཁྱིམ་གྱི་དམའ་རིམ་དགེ་རྒན་འོས་སྦྱོང་ཁང་། ཤེས་རིག་ལས་ཁུངས་ཀྱི་དགེ་རྒན་སྦྱོང་བརྡར་ལས་རིམ་འོག་ནས་འགྲོ་བཞིན་པའི་ལས་རིམ་ཁག་བཅས་ཡིན། ཐོན་ཁུངས་དེ་དག་ནས་དམའ་རིམ་དགེ་རྒན་དང་། བོད་ཀྱི་སྐད་ཡིག་དགེ་རྒན། ཆོས་དགེ། དབྱིན་སྐད་ཐོག་ནས་དེང་རབས་སློབ་ཚན་སློབ་མཁན་འབྲིང་རིམ་དང་མཐོ་རིམ་དགེ་རྒན། ཟློས་གར་དང་ལུས་རྩལ་དགེ་རྒན་བཅས་ཐོན་སྐྱེས་ཡོང་བཞིན་ཡོད་ཀྱང་། བོད་སྐད་ཐོག་ནས་འཛིན་རིམ་ ༦ པ་ཡན་གྱི་དེང་རབས་སློབ་ཚན་ཁག་སློབ་འཁྲིད་ཐུབ་མཁན་གྱི་དགེ་རྒན་ཐོན་སྐྱེས་ཐུབ་ཀྱི་མེད།
ཚན་རིག་གིས་གཙོས་པའི་དེང་རབས་ཀྱི་རིག་གསར་ཤེས་ཡོན་རྣམས་བོད་སྐད་ནང་འགྱུར་ཐུབ་པ་དགོས་རྒྱུ་དང་། སློབ་གྲྭའི་ནང་སློབ་ཚན་དེ་དག་བོད་སྐད་ཐོག་ནས་སློབ་འཁྲིད་ཐུབ་པ་དགོས་རྒྱུ་བཅས་ནི། ལོ་རབས་ ༦༠ པའི་སྐབས་ཉིད་ནས་ཡོད་པའི་༸རྒྱལ་བའི་དགོངས་གཞི་རྨ་མེད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ད་ཡོད་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན། བོད་ཀྱི་སྐད་ཡིག་གི་རྩ་དོན་དང་ཆེས་ཉེ་བར་འབྲེལ་བ་བཅས་ཡིན་མོད། འཕྲལ་གྱི་དཀའ་ངལ་དང་བདེ་དོན་གྱི་གནས་ཚུལ་ཆེ་ཆུང་མང་པོ་རུ་འཛིངས་པའི་འོག་ནས་ད་ཕན་འཛིན་རིམ་ ༥ པ་ཙམ་བར་མ་གཏོགས་གོང་ཞུས་དགོངས་གཞི་དང་དགོངས་དོན་ཁག་འགྲུབ་ཐུབ་པ་ཞིག་བྱུང་མེད། ད་ལྟའི་དུས་སུའང་དོན་གནད་འདིའི་ཐོག་འབྲེལ་ཡོད་ཚང་མ་དགོངས་པ་གཅིག་དང་དབྱངས་གཅིག་གིས་མཉམ་བསྐྱོད་ཐུབ་པ་ཞིག་མེད།
ཕྱི་ལོ་ ༢༠༠༤ ལོར་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱུང་བ་ནས་བཟུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དགེ་རྒན་གསོ་སྐྱོང་དང་སྦྱོང་བརྡར་གྱི་ལས་དོན་ཐོག་ཤུགས་གནོན་གང་ཆེ་ཞུས་ཡོད་པ། དཔེར་ན། ཕྱི་ལོ་ ༢༠༠༥ ནས་ ༢༠༠༩ བར་ལོ་ལྔའི་ནང་དུས་རིང་དགེ་རྒན་འོས་སྦྱོང་ཁག་ ༥ དང་། དུས་འབྲིང་དང་དུས་ཐུང་སྦྱོང་བརྡར་དང་ཟབ་སྦྱོང་ཁག་ ༣༤ སྨིན་སྤྲོད་ཞུས་འདུག གོང་ཞུས་ལྟར་ད་ཡོད་དགེ་རྒན་ཐོན་ཁུངས་ཁག་གིས་མ་འདུམས་པའི་གཞི་རྩའི་དཀའ་ངལ་བསལ་ཐབས་སུ། འབྱུང་འགྱུར་ལོ་གཉིས་ནང་དགེ་རྒན་འོས་སྦྱོང་ཁང་ཚད་ལྡན་ཞིག་གསར་བསྐྲུན་བྱ་རྒྱུར་བཀའ་ཤག་ནས་བཀའ་འཁྲོལ་དང་བཀོད་ཁྱབ་ཆབས་ཅིག་ཕེབས་སོན་བྱུང་བས། དེ་དོན་ལག་ལེན་ཞུ་ཕྱོགས་སྔོན་འགྲོའི་ཞིབ་འཇུག་དང་འཆར་འགོད་ལས་དོན་ཁག་འགྲོ་བཞིན་ཡོད།
༨༽ སློབ་དེབ་རྩོམ་བསྒྱུར།
སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་དེབ་རྣམས་ཤེས་རིག་ལས་ཁུངས་དང་ལྷ་ས་བོད་ཁྱིམ་གཉིས་ཟུང་འབྲེལ་ཐོག་ནས་རྩོམ་སྒྲིག་དང་བསྐྱར་ཞིབ་གནང་མུས་དང་། འཛིན་རིམ་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་རྣམས་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་དང་བསྐྱར་ཞིབ་ཞུ་མུས། འཛིན་རིམ་ ༦ ནས་ ༨ བར་གྱི་ཚན་རིག་དང་ཨང་རྩིས་སློབ་དེབ་རྣམས་ཤེས་རིག་ལས་ཁུངས་ནས་བོད་སྐད་དུ་ཕབ་བསྒྱུར་གྱིས་འགྲེམས་སྤེལ་ཞུས་ཟིན་ཡོད་ཀྱང་། སློབ་ཚན་དེ་དག་ད་ལྟའང་དབྱིན་སྐད་ཐོག་སློབ་མུས་ཡིན་བརྟེན་དངོས་སུ་བེད་སྤྱོད་བྱུང་མེད། འཛིན་རིམ་ ༦ ནས་ ༨ བར་གྱི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་རྣམས་ཛ་དྲག་གིས་བོད་སྐད་ཐོག་རྩོམ་བསྒྱུར་བྱ་རྒྱུའི་ལས་འཆར་འགྲོ་མུས་ཡིན། རིག་གནས་ཀྱི་ཁྱད་ལས་མི་སྣ་ལས་གྲུབ་པའི་སློབ་དེབ་རྩོམ་སྒྲིག་གི་གཏན་འཇགས་སྡེ་ཚན་ཞིག་འཛུགས་རྒྱུའི་འོག་གྲབས་ཞུ་བཞིན་ཡོད།
༩༽ ཐ་སྙད་གཏན་འབེབས་ལས་འཆར།
ཚན་རིག་སོགས་དེང་རབས་ཀྱི་རིག་གནས་གསར་པ་རྣམས་བོད་སྐད་དུ་མ་འགྱུར་གོང་དུ་དེ་དག་སོ་སོའི་བརྡ་ཆད་དང་ཐ་སྙད་རྣམས་བོད་སྐད་ཐོག་གཏན་འབེབས་དགོས་གལ་ཆེ་བརྟེན། ཕྱི་ལོ་ ༢༠༠༤ ནས་རིག་གསར་ཐ་སྙད་གཏན་འབེབས་ཀྱི་ལས་འཆར་ཞིག་ཤེས་རིག་ལས་ཁུངས་ཀྱི་ལས་གཞིའི་ཁོངས་འགྲོ་མུས་ཡིན་ཞིང་། སྔ་ལོ་ ༢༠༠༨ ལོར་སྐབས་དང་པོའི་ཐ་སྙད་གཏན་འབེབས་ལྷན་ཚོགས་བསྐྱངས་པ་བརྒྱུད་དངོས་ཁམས་རིག་པ་སོགས་རིག་ཚན་ཁག་དྲུག་གི་ཐ་སྙད་གྲངས་ ༡༥༠༠ ལྷག་ཙམ་གཏན་འབེབས་གྲུབ་ཡོད་པ་དང་། སྐབས་གཉིས་པའི་ཐ་སྙད་གཏན་འབེབས་ལྷན་ཚོགས་རིང་མིན་བསྐྱང་རྒྱུ། ཕྱི་ལོ་ ༢༠༡༡ ནང་ཚུད་ཐ་སྙད་བསྡོམས་ ༢༥༠༠༠ གཏན་འབེབས་ཐུབ་པ་བྱ་རྒྱུའི་དམིགས་ཚད་བཟུང་ཡོད།
༡༠༽ བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས།
བར་སྐབས་ཤིག་ནས་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་སྦྱོང་ཐོག་ཉམས་ཆག་ཆེ་ཙམ་བྱུང་ཡོད་པར། འབྲེལ་ཡོད་ཚང་མས་འབད་རྩོལ་ཆེ་བསྐྱེད་གནང་བ་ལ་བརྟེན་ནས་ད་སྐབས་གནས་སྟངས་གང་འཚམས་བཟང་དུ་ཕྱིན་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དམིགས་བསལ་མཐོང་འཇོག་དང་ལྟ་སྐྱོང་མཚོན་སླད་ཕྱི་ལོ་ ༢༠༠༣ ནས་ཤེས་རིག་ལས་ཁུངས་ནང་སྲོལ་ཤེས་ཡོན་གྱི་ཚན་པ་ཞིག་ཟུར་གཏོད་ཞུས་ཡོད། དེ་བཞིན་གནས་ཚད་ལྡན་པའི་ཆོས་དགེ་མང་དུ་བཏང་སྟེ། སློབ་གྲྭ་ཁག་ཏུ་རིགས་ལམ་བསླབ་རྒྱུ་སླར་གསོ་ཞུས་ཡོད། བོད་ཀྱི་སྐད་ཡིག་ལ་གོམས་འདྲིས་དང་དགའ་མོས་འཕེལ་སླད་ཤེས་རིག་ལས་ཁུངས་དང་སློབ་སྡེ་སོ་སོ་བཅས་ནས་ཕྲུ་གུའི་དཔེ་དེབ་དང་དུས་དེབ་སྣ་ཚོགས་འདོན་སྤེལ་ཞུ་བཞིན་ཡོད།
༡༡༽ ཚན་རིག་དང་ཨང་རྩིས་སློབ་སྦྱོང་།
འཛིན་རིམ་ ༡༡།༡༢ ནང་ཚན་རིག་དང་ཨང་རྩིས་སློབ་སྦྱོང་བྱེད་མཁན་སྔོན་དང་བསྡུར་ན་མང་དུ་སོང་ཡོད་ཀྱང་། སློབ་ཕྲུག་གི་གྲངས་ཚད་དང་སྦྱངས་འབྲས་སྤུས་ཚད་བཅས་གང་ཐད་ནས་འདོད་བློ་ཁེངས་པ་ཞིག་ད་དུང་མེད། ཚན་རིག་དང་ཨང་རྩིས་ཀྱི་སློབ་སྦྱོང་ལ་ཞུགས་མཁན་དང་དགའ་མོས་བྱེད་མཁན་མང་པོ་མི་ཡོང་བ་འདི། བོད་ཕྲུག་རྣམས་ཀྱི་རིག་པ་དང་ཀླད་པ་ལ་སྐྱོན་ཞིག་ཡོད་པས་མིན་པར། གཞི་རིམ་འོག་མའི་སྐབས་ནས་སློབ་ཚན་སྤྱིའི་སློབ་འཁྲིད་བྱེད་སྟངས་ལ་སྐྱོན་ཞིག་ཡོད་པས་ཡིན་པར་ར་འཕྲོད་གསལ་པོ་བྱུང་ཡོད་པས། གཞི་རིམ་གྱི་སློབ་འཁྲིད་ལམ་ལུགས་ཁག་ཅིག་ལ་ལེགས་བཅོས་དགོས་པར་གྲོས་འདེབས་དང་འབོད་བསྐུལ་ཞུ་བཞིན་ཡོད།
༡༢༽ དམིགས་བསལ་ཤེས་ཡོན།
སློབ་གྲྭ་སོ་སོའི་ནང་དམིགས་བསལ་ལྟ་རྟོག་དགོས་པའི་སློབ་ཕྲུག་དབང་པོ་སྐྱོན་ཅན་རིགས་དང་། ཕྱིའི་དབང་པོར་སྐྱོན་མེད་ཀྱང་ནང་གི་དབང་པོ་རྟུལ་པོའི་རིགས་བཅས་ལ་སློབ་སྦྱོང་སྤྲོད་སྟངས་དང་ལྟ་སྐྱོང་བྱེད་སྟངས་རྒྱལ་སྤྱིའི་ཁྲིམས་སྲོལ་དང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཡོང་སླད། ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་ཁྱད་ལས་པ་རྒན་གྲས་ཤིག་གྲོས་འདྲི་བྱ་ཡུལ་དུ་བསྐོ་ཉར་བྱས་ཡོད་པ་དང་། ཁོང་ནས་གཞི་རྩའི་གནས་བབས་ངོས་འཛིན་སླད་སློབ་གྲྭ་མང་པོར་རྟོག་ཞིབ་བསྐོར་བསྐྱོད་ཟིན་ཏེ་སྙན་ཐོ་ཞིབ་གསལ་ཞིག་ཕུལ་འབྱོར་བྱུང་། སྙན་ཐོ་དེའི་ནང་དོན་ཕྱོགས་བཏུས་ཀྱི་ངོ་སྤྲོད་དེབ་ཆུང་ཞིག་འགྲེམས་སྤེལ་ཞུ་རྒྱུ་དང་། ལག་ལེན་ལས་རིམ་འཆར་འགོད་ཞུ་རྒྱུ་ཡིན།
༡༣༽ ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་སློབ་འཇུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་དགོངས་དོན་དང་རང་གཞུང་གི་སྲིད་བྱུས་ལམ་སྟོན་ལྟར། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ལ་རང་ཕྱོགས་ནས་ཆོས་རིག་གི་རོགས་སྐྱོར་གང་ཐུབ་གནང་དང་གནང་མུས་བཞིན། རང་རེའི་སློབ་གྲྭ་རྣམས་སུ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་མི་ཉུང་བ་ཞིག་སློབ་འཇུག་གནང་བཞིན་ཡོད། ད་ལྟའི་ཆར་རྒྱ་གར་ཁུལ་གྱི་བོད་སློབ་ཁག་གི་ནང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་གྲངས་ ༤༤༨ ཡོད་པ་དང་། བལ་ཡུལ་ཁུལ་གྱི་བོད་སློབ་རྣམས་ཀྱི་ཕྲུ་གུའི་རྩ་འབོར་གྱི་བརྒྱ་ཆ་ ༣༤ ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་རེད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་རིམ་ཕེབས་ལྟར། བོད་སློབ་འཛིན་ཚོགས་ཀྱི་གཏན་སློབ་ཁག་ཏུ་བོད་ཕྲུག་ཉུང་དུ་སོང་བའི་ཤུལ་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་སློབ་འཇུག་གནང་ལེགས་སྐོར་འབྲེལ་ཡོད་བོད་སློབ་འཛིན་ཚོགས་ཀྱི་གཙོ་འཛིན་རྣམ་པར་ཡིག་ངག་གཉིས་བརྒྱུད་ཞུ་བསྐུལ་དང་འཆར་འབུལ་ཞུས་ཏེ། ཉེ་ལམ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ནས་གཞི་རྩའི་བཀའ་འཁྲོལ་བྱུང་ཡོད་པས། འཆར་ལོ་ནས་སློབ་འཇུག་འགོ་འཛུགས་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
༡༤༽ རིགས་གཅིག་རྐང་འཛིན་སློབ་གཉེར།
སྔ་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བའི་ཐོན་འབྲས་སྐོར་བཀའ་སློབ་ལྕི་ནན་ཕེབས་ཡོད་པར། འབྲེལ་ཡོད་ཚང་མས་གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་དང་། ཞིབ་འཇུག ཉམས་ཞིབ་བཅས་ཞུས་དང་ཞུ་བཞིན་ཡོད་པ་དང་། ལྷག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེའི་ཐོག་ཚོགས་ཆུང་ཟུར་འཛུགས་ཀྱིས་ཞིབ་འཇུག་གནང་བཞིན་རེད། དེའི་སྐོར་ད་ལམ་ཤེས་རིག་ཚོགས་ཆེན་འདིའི་གྲོས་གཞིའི་ཁོངས་སུའང་བཞག་ཡོད། རིགས་གཅིག་རྐང་འཛིན་སློབ་ཐོན་གྱི་གྲུབ་འབྲས་གནས་བབས་འདིས་ནི། གཞི་རིམ་དང་མཐོ་རིམ་ཤེས་ཡོན་སྤྱིའི་གྲུབ་འབྲས་གནས་བབས་ཀྱང་མཚོན་པས། རང་ཅག་ཤེས་ཡོན་གྱི་ལས་སྣེར་གཏོགས་པ་ཚང་མས་བསམ་གཞིགས་ནན་ཏན་དང་ཞིབ་འཇུག་མཐིལ་ཕྱིན་གནང་གལ་ཆེ་བར་སེམས།
རིགས་གཅིག་རྐང་འཛིན་གྱི་གོ་དོན་སྣ་ཚོགས་སུ་བཀྲལ་ཏེ། སློབ་ཡོན་གྱི་མཐུན་རྐྱེན་ཞན་པའི་དབང་གིས་རིགས་གཅིག་མཁས་པ་ཐོན་མ་ཐུབ་ཡིན་ལུགས་སོགས་གསུངས་མཁན་མང་ཙམ་ཡོད་པར་སྣང་བས། འདིར་གསལ་བཤད་ཐུང་ཙམ་ཞུ་ཆོག་པ་ཞུ་རྒྱུར། རིགས་གཅིག་རྐང་འཛིན་གྱི་དོན་མཐོ་རིམ་ཉམས་ཞིབ་ (Research) ལ་བྱས་ན། ད་བར་མཐོ་རིམ་ཉམས་ཞིབ་ཆེད་སློབ་ཡོན་ས་མིག་ཟུར་བཅད་བྱས་པ་མང་ཆེ་བ་སྟོང་པར་མུ་མཐུད་ལུས་བཞིན་ཡོད་ཅིང་། རིགས་གཅིག་རྐང་འཛིན་གྱི་དོན་མཐོ་རིམ་ཁྱད་ལས་སློབ་སྦྱོང་ (Professional Studies) ལ་བྱས་ན་ནི། ཕྱི་ལོ་ ༡༩༧༩ ནས་ད་བར་མཐོ་སློབ་སློབ་ཡོན་སྤྲད་པ་ཡོངས་ཀྱི་བརྒྱ་ཆ་ ༥༠ ལྷག་ཁྱད་ལས་སློབ་སྦྱོང་གི་ཆེད་དུ་སྤྲད་འདུག་པ་དང་། འདི་ལོ་ ༢༠༠༩ ལ་མཚོན་ན། མཐོ་སློབ་སློབ་ཡོན་བསྡོམས་གྲངས་ཀྱི་བརྒྱ་ཆ་ ༥༩ ཁྱད་ལས་སློབ་སྦྱོང་གི་ཆེད་དུ་སྤྲད་འདུག
༡༥༽ བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གི་གནས་སྟངས།
ལོ་རབས་ ༩༠ པའི་དཀྱིལ་སྨད་ཙམ་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་སྤྱི་དང་། ལྷག་པར་གཏན་སློབ་ཆེ་ཁག་ཅིག་གི་ཤེས་ཡོན་དང་། འཛིན་སྐྱོང་། མཐུན་རྐྱེན་བཅས་གནས་སྟངས་གང་ཅིར་ཉམས་རྒུད་ཆེ་ཙམ་སོང་སྟེ་ཚང་མ་ཐུགས་ཁྲེལ་ངང་གནས་དགོས་པ་བྱུང་ཡོད་ཀྱང་། ཕྱི་ལོ་ ༢༠༠༢ ནང་སྐུ་གཤེགས་ཌོག་ཊར་ར་མ་མཆོག་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་དུ་བསྐོ་གཞག་བྱུང་རྗེས་རང་ཕྱོགས་ནས་ཤུགས་གནོན་བརྒྱུད་བསྐུལ་གང་ཆེ་བྱས་པ་སོགས་ལ་བརྟེན་ནས། ཕྱི་ལོ་ ༢༠༠༤ ཙམ་ནས་གཏན་སློབ་དེ་དག་གི་གནས་སྟངས་གང་ཅི་ཉམས་པ་སོར་ཆུད་དང་ལྷག་པར་མཐུན་རྐྱེན་ཡར་རྒྱས་ཐོག་གྲུབ་འབྲས་གང་ལེགས་ཐོན་ཐུབ་པ་བྱུང་སོང་། གཞི་རིམ་གྱི་དཀའ་ངལ་ཆེ་ཁག་ཅིག་ད་དུང་བསལ་མ་ཐུབ་པར་ལྷག་ཡོད་ཀྱང་། སློབ་གྲྭ་ཁག་གི་རྩ་བའི་གནས་སྟངས་གང་ལེགས་ངང་ཡོད།
༡༦༽ ཤེས་ཡོན་སྲིད་བྱུས་ལག་བསྟར་ཉམས་མྱོང་།
ཤེས་ཡོན་སྲིད་བྱུས་ལག་བསྟར་ལས་དོན་སྐོར་སྐབས་འདིར་ཞུ་ཐབས་མ་གྱུར་ཀྱང་། སྲིད་བྱུས་དེའི་ནང་དོན་གཙོ་ཁག་རྣམས་ཕྱི་ལོ་ ༢༠༠༥ ལོར་གསར་འཛུགས་བྱས་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་སམ་བྷོ་ཊའི་སློབ་གྲྭ་རྣམས་སུ་ལག་བསྟར་བྱས་ཡོད་པའི་གྲུབ་འབྲས་ཉམས་མྱོང་ཚོད་དཔག་ལས་བརྒལ་བའི་བཟང་པོ་ཐོན་བཞིན་འདུག དེ་ལྟར་བྱུང་བ་ནི། སློབ་གྲྭ་དེ་དག་ཏུ་དགེ་རྒན་སོགས་ཀྱི་མཐུན་རྐྱེན་གཞན་ལས་བཟང་བ་མེད་ཀྱང་། ཕྲུ་གུ་ལྟ་སྐྱོང་བྱེད་སྟངས་དང་སློབ་སྦྱོང་སྤྲོད་སྟངས་གང་ཅི་སྲིད་བྱུས་ནས་བཤད་པ་ལྟར་ལག་ལེན་གང་ནུས་བྱས་པའི་འབྲས་བུ་ཡིན་པར་སྣང་ཞིང་། གནས་ཚུལ་དེ་དག་ལས་ཕྲུ་གུའི་ཕ་མ་དང་འབྲེལ་ཡོད་དགེ་ལས་མང་པོའི་ཡིད་ཆེས་དང་སེམས་ཤུགས་འཕེལ་བཞིན་འདུག
༡༧༽མཐའ་དོན།
ལམ་ཤེས་རིག་ཚོགས་ཆེན་འདིའི་ཐོག་ཤེས་ཡོན་གྱི་གནས་བབས་དང་ལས་དོན་སྙན་ཐོ་སྙིང་བསྡུས་སྙན་སྒྲོན་ཞུས་པ་དང་ཆབས་གཅིག་ཏུ། རང་ཅག་གངས་ཅན་པ་ཡོངས་ཀྱི་མེ་ཏོག་གང་གང་ལ་བབས་པའི་འདི་ཕྱི་གཉིས་ཀྱི་སྐྱབས་མཆོག་གཅིག་པུ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ།
དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ། དགོངས་གསོལ་སྔོན་དུ་བཏང་ནས་གསོལ་འདེབས་ཞུ་སྙིང་གཅིག་ནི། འདས་པའི་བགྲང་བྱ་བཅུ་ཕྲག་བཞི་ཙམ་གྱི་ནང་མགོན་པོ་གང་ཉིད་ནས་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་ཚད་སོན་ཡོང་ཐབས་སུ་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་ལམ་སྟོན་ཇི་སྙེད་ཅིག་དུས་ནས་དུས་སུ་སྩལ་ཡོད་ཀྱང་། གུས་འབངས་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ནས་མ་ཤེས་པ་དང་། སྒྱིད་ལུག་པ། ནུས་པས་མ་ལྕོགས་པ་བཅས་ལ་བརྟེན་ནས། ༸སྐྱབས་མགོན་ཆེན་པོ་གང་ཉིད་ཀྱི་ཐུགས་དགོངས་ལྟར་མ་འགྲུབ་པ་དུ་མ་ཞིག་བྱུང་ཡོད་པ་གོར་མ་ཆགས་པས། གུས་ནས་ད་ལྟ་དང་འདས་པའི་ལས་ཀྱི་སྣེ་མོར་གཏོགས་ཡོངས་ཀྱིས་ཚབ་ཞུས་ཏེ། སྙིང་ཐག་པ་ནས་བཟོད་པར་གསོལ་རྒྱུ་དང་། སླད་ཕྱིན་དེ་འདྲའི་བཀའ་སློབ་རིན་ཆེན་རྣམས་ཐོས་པ་ཙམ་དུ་མ་བཞག་པར་བསམ་སྒོམ་གཉིས་ཀྱི་སྒོ་ནས་ལག་ལེན་འཁེལ་ཐབས་ལ་འབད་འབུངས་ཞུ་རྒྱུའི་དམ་བཅའ་འབུལ་བ་ལགས་ན། ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་བཟོད་པ་བཞེས་སུ་གསོལ་ཞེས་དང་། བདག་ཅག་རྣམས་ལ་ནི་སྲིད་གསུམ་གྱི་དཔལ་ཡོན་ཐམས་ཅད་དུས་གཅིག་ཏུ་ཐོབ་པ་ལས་ཀྱང་། སྐྱབས་མཆོག་གང་ཉིད་ཀྱི་མགོན་དང་མ་བྲལ་བ་ཆེས་ཆེར་ལྷག་པ་ལགས་ན། མགོན་པོ་གང་ཉིད་བདག་ཅག་སྐྱེ་འགྲོ་ཡོངས་དང་ལྷག་པར་གངས་ཅན་པ་རྣམས་ཀྱི་མགོན་གཉེན་དམ་པར་སྐུ་ཚེ་༸ཞབས་པད་ཡུན་རིང་དུ་ཅི་ནས་ཀྱང་བརྟན་དུ་གསོལ་ཞེས་གསོལ་བ་ལན་ཁྲི་འབུམ་དུ་འདེབས་ལགས་པ་བཅས་ཀྱི་༸སྙན་ཐོར།བོད་གཞུང་ཤེས་རིག་ལས་ཁུངས་ནས།ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༧ ལ་ཕུལ།།