༢༠༡༤ ཟླ་ ༡༢ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༨ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིར་གསར་འགྱུར་བརྙན་འཕྲིན་བརྒྱུད་ལམ་གྲགས་ཆེ་བ་ཕ་རན་སི་ ༢༤ France 24 ཞེས་པའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་འདུག གསར་འགྱུར་བརྒྱུད་ལམ་འདི་ནི་འཛམ་གླིང་གང་སར་སྐད་རིགས་མི་འདྲ་བ་གསུམ་ཐོག་ནས་དྲིལ་བསྒྲགས་གནང་བཞིན་འདུག དེ་ཡང་ཕྱི་དྲིལ་བཀའ་བློན་མཆོག་ལ་གསར་འགོད་པ་མག་པ་རེལ་མན་ Marc Perelman ལགས་ཀྱིས་སྐབས་དེར་དབྱིན་སྐད་དང་ཕ་རན་སིའི་སྐད་ཡིག་ནང་དྲི་བ་བཏང་འདུག ཕྱེད་ཡོལ་བཀའ་བློན་མཆོག་གིས་རྒྱ་རིགས་ཁག་གཅིག་དང་ལྷན་བགྲོ་གླེང་གནང་འདུག སྐབས་དེར་བཀའ་བློན་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བརྗོད་གནང་འདུག ཕྱི་ཚེས་ ༦ ཉིན་བཀའ་བློན་མཆོག་ཕ་རན་སིའི་གྲོང་ཁྱེར་ཆེ་ཤོས་གཉིས་པར་གྲགས་པ་ཊོ་ལུ་སིའི་མེ་འཁོར་འབབ་ཚུགས་སུ་ཕེབས་འབྱོར་སྐབས་ས་ལེ་སུར་གྷ་རོན་ནེ་ Salle sur Garonne དང་ཀར་བྷོ་ནེ་ Carbonne གྲོང་སྡེ་གཉིས་ཀྱི་སྤྱི་ཁྱབ་པ་མཆོག་དང་། ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག གྲོང་སྡེ་དེ་གཉིས་ཀྱིས་དེ་སྔ་བོད་ཀྱི་ས་ཁུལ་ཁག་གཅིག་ལ་ལྟ་སྐྱོང་གནང་རྒྱུའི་ལས་གཞིར་རྒྱབ་སྐྱོར་ཆེན་པོ་གནང་འདུག ས་ཁུལ་དེར་ཕྱི་དྲིལ་བཀའ་བློན་མཆོག་ལ་ཕ་རན་སིའི་ཉིན་རེའི་གསར་ཤོག་ལ་ཌི་པེ་ཆི་ Daily “La Depeche”. ཞེས་པའི་གསར་འགོད་པས་དྲི་བར་ལན་འདེབས་གནང་འདུག དེ་རྗེས་ཕྱེད་ཡོལ་དུ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་བཀའ་བློན་མཆོག་ལ་གསོལ་སྟོན་ཞིག་ཕུལ་འདུག སྐབས་དེར་ཕ་རན་སིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཕི་ལིཔ་པེ་ཕོ་ལི་ཨོ་དི་ Philippe Foliot མཆོག་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་བཅས་ཀྱིས་བཀའ་བློན་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག སྐབས་དེར་བོད་མི་བརྒྱ་ལྷག་གིས་གནམ་གཤིས་གྲང་ངར་ཆེ་མིན་ལ་མ་ལྟོས་པར་བཀའ་བློན་མཆོག་གི་གསུང་བཤད་ཉན་དུ་ཕེབས་འདུག བཀའ་བློན་མཆོག་ནས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུངས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། the Memorandum of Genuine Autonomy for Tibetan People སྤྲད་པ་དེར་ཚོགས་བཅར་བ་རྣམས་ཀྱིས་སློབ་སྦྱོང་ཡག་པོ་གནང་དགོས་པ་དང་། དེ་ལྟར་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཚེ་རྒྱ་ནག་གཞུང་གིས་འཁྱོག་བཤད་འོག་མགོ་སྐོར་སླུ་ཁྲིད་འོག་ནས་ཐར་ཐུབ་རྒྱུ་ཡིན་སྐོར་གསུངས། གསུང་བཤད་གྲུབ་བསྟུན་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང། དེ་རྗེས་ཕ་རན་སིའི་བརྙན་འཕྲིན་ལེ་པ་ཏི་ཏི་ཇོར་ནལ་“Le Petit Journal”ཞེས་པའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་།
ཕྱི་ཚེས་ ༧ ཉིན་ཕྱི་དྲིལ་བཀའ་བློན་མཆོག་ཕ་རན་སིར་རྟེན་གཞི་བྱས་པའི་རྡོ་རྗེ་རྣལ་འབྱོར་མ་དང་། Institut Vajra Yogini ན་ལནྜ་ཆོས་ཚོགས་གཉིས་ Nalanda Institute.ནང་ཕེབས་ནས་ས་གནས་བོད་རིགས་རྣམས་དང་ཐུག་འཕྲད་ཀྱིས་བོད་མི་གཞོན་སྐྱེས་ཚོར་བོད་དོན་གོ་རྟོགས་སྤེལ་གལ་ཆེ་བ་དང་། དེ་བཞིན་ཆོས་ཚོགས་དབུ་ཁྲིད་རྣམས་དང་མཇལ་ནས་བོད་མི་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་བོད་མིའི་ཐུན་མིན་ཁྱད་ཆོས་དང་གོམས་སྲོལ་བརྒྱུད་སྤྲོད་གནང་དགོས་གལ་གསུངས། དེ་རྗེས་བཀའ་བློན་མཆོག་རྒྱལ་ས་པེ་རི་སིར་ཕེབས་ཐོན་གནང་འདུག ཕྱི་ཚེས་ ༩ ཉིན་བཀའ་བློན་མཆོག་གྷི་རིན་ནོ་བྷལ་དུ Grenoble ཕེབས་ནས་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་དང་མཇལ་འཕྲད་གནང་རྒྱུ་མ་ཟད། ས་གནས་བོད་རིགས་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག