༢༠༡༤ ཟླ་ ༡༢ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་དང་བུད་མེད་ཚོགས་པའི་ཁོར་ཡུག་ལས་འགུལ་བ་རྡོ་རྗེ་སྐྱིད་གཉིས་ཕྱི་ཟླ་ ༡༢ ཚེས་ ༡ ནས་ ༡༢ བར་ལྷོ་ཨི་མི་རི་ཀའི་གླིང་ཆེན་གྱི་པེ་རུའི་ Peru རྒྱལ་ས་ལི་མའི་ Lima ནང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གོ་སྒྲིག་འོག་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་རྒྱལ་སྤྱིའི་ལྷན་ཚོགས་ COP20 ནང་མཉམ་ཞུགས་གནང་འདུག
སྐབས་དེར་རྒྱལ་ཁབ་༡༩༠ ཙམ་གྱི་གཞུང་འབྲེལ་མི་སྣ་དང་ཉམས་ཞིབ་པ། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ། ཚན་རིག་པ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་མཉམ་ཞུགས་གནང་འདུག སྤྱིར་རྒྱལ་སྤྱིའི་ཁོར་ཡུག་དང་འབྲེལ་བའི་ལྷན་ཚོགས་དེ་སྔ་ཚོགས་ཟིན་པ་དཔེར་ན། ཕྱི་ལོ་ ༢༠༠༩ ལོར་ཌེན་མག་ Denmark རྒྱལ་ས་ཀོ་པེན་ཧེ་གན་ Copenhagen ནང་ COP15 དང་། ཕྱི་ལོ་ ༢༠༡༡ ལོར་ལྷོ་ཨ་ཕི་རི་ཀའི་South Africa གྲོང་ཁྱེར་ཌར་བྷན་ Durban ནང་དུ་ COP17 དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་ཀ་ཏར་ Qatar གྱི་རྒྱལ་ས་དོ་ཧའི་ Doha ནང་ COP 18 ཚོགས་ཡོད་པ་དང་། གཞན་ཡང་ལོ་དེར་བྷར་སིལ་ Brazil རྒྱལ་ས་རིའོ་ནང་ Rio+20 Earth Summit ཞེས་པ་ཚོགས་པ་དང་། ཕྱི་ལོ་ ༢༠༡༣ ལོར་པོ་ལེན་ཌིའི་ Poland རྒྱལ་ས་ཝར་སོའི་ Warsawནང་ COP19 ཞེས་པ་ཚོགས་ཡོད། ད་བར་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པས་ལྷན་ཚོགས་དེ་དག་ཚང་མའི་ནང་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།
ཐེངས་འདིར་བོད་མིའི་སྐུ་ཚབ་གཉིས་ཀྱིས་ལྷན་ཚོགས་ནང་ཕེབས་དོན་དགོས་དམིགས་གཙོ་བོ་ནི། བོད་ཀྱི་ཁོར་ཡུག་གནས་སྟངས་ལ་འགྱུར་ལྡོག་ཕྱིན་པ་དེའི་རྗེས་འབྲས་ཇི་བྱུང་དང་། རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་རྣམས་བཙན་དབང་གིས་འབྲོག་ས་ནས་གནས་སྤོ་བྱེད་བཅུག་པ་དང་། བོད་ཀྱི་རྒྱུག་ཆུ་ཆེ་ཁག་ཐོག་ཆུ་མཛོད་གང་བྱུང་བརྒྱབ་པ། དེ་བཞིན་བོད་ཀྱི་གཏེར་དངོས་རྣམས་གང་བྱུང་ཚོད་མེད་སྔོག་འདོན་བྱེད་བཞིན་པ་སོགས་ལ་རྟེན་ནས་བོད་ཙམ་མ་ཟད། གོ་ལ་སྤྱི་ཡོངས་ལ་དོ་ཕོག་ཇི་ཙམ་གཏོང་བཞིན་ཡོད་མེད་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་འདུག ལྷན་ཚོགས་རྗེས་མ་ COP21 དེ་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་འཚོགས་རྒྱུ་ཡིན་འདུག