༢༠༡༤ ཟླ་ ༡༢ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ཉེ་འགྲམ་གྱི་གྲོང་ཁྱེར་ཊུམ་ཀུར་ཞེས་པའི་ནང་རྟེན་གཞི་བྱས་པའི་ཊུམ་ཀུར་གཙུག་ལག་སློབ་གཉེར་ཁང་ Tumkur University དུ་སྟོང་ལོ་གསར་པའི་བཟང་སྤྱོད་ཐོག་ནང་པའི་ལྟ་ཚུལ་ Ethics on New Millennium – A Buddhist perspective” ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ལྷན་ཚོགས་དབུ་འབྱེད་མཛད་པ་དང་འབྲེལ་བླང་དོར་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག
བཀའ་སློབ་ཀྱི་མཛད་རིམ་དེ་བཞིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཤེས་ཡོན་ཚན་པ་དང་ཊུམ་ཀུར་གཙུག་ལག་སློབ་གཉེར་ཁང་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག དེ་ཡང་ལྷན་ཚོགས་དེར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་ཀྱང་བགྲོ་གླེང་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་རྒྱུ་མ་ཟད། སེར་འབྲས་དགའ་གསུམ་སྟེ། བྱེས་ཀྱི་གདན་ས་ཆེན་པོ་གསུམ་གྱི་མཁན་བླས་གཙོས་དགེ་འདུན་ཞལ་གྲངས་ ༡༠༠ ལྷག་དང་། ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ལྷོ་སྤྱིས་གཙོས་ས་གནས་འགོ་འཛིན་མཉམ་ཞུགས་གནང་རྒྱུ་ཡིན་འདུག སྤྱིར་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་༸གོང་ས་མཆོག་གིས་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་ཡིན་འདུག