༢༠༡༤ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་གངས་སྐྱིད་སྤྱི་ཐབ་ཡངས་སྟེང་གཉའ་ཁྲི་ཚོགས་ཁང་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དབུ་ཞུགས་ཐོག་སྤྱི་འཐུས་རྒྱུན་ལས་རྣམས་དང་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཐོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་མདོ་སྟོད་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་རང་ལུས་མེར་སྲེག ཅེས་པའི་དཔེ་དེབ་གསར་པ་དེ་དབུ་འབྱེད་གནང་སོང་། སྐབས་དེར་དཔེ་དེབ་རྩོམ་པ་པོས་གསུང་དོན། ཐོག་མར་ང་ལ་དེབ་འདི་ལྟ་བུ་འབྲི་རྒྱུའི་ཀུན་སློང་ཇི་ལྟར་བྱུང་ཡོད་ཅེས་ན། བོད་ནང་རང་ལུས་མེར་སྲེག་ཕོན་ཆེ་བྱུང་སྐབས་ལས་འགུལ་འདི་གསར་པ་ཞིག་ཡིན་སྟབས་ང་ཚོ་ཚང་མར་ཚོར་སྣང་ཐུན་མོང་མིན་པ་ཞིག་བྱུང་ཡོད། ལས་འགུལ་དེ་བྱུང་རྗེས་གཞིས་བྱེས་བོད་མིའི་སྤྱི་ཚོགས་ནང་གླེང་སློང་མང་པོ་ཞིག་བྱུང་ཡོད།
དེར་བརྟེན་ང་ཚོས་གནས་སྟངས་དེའི་ཐོག་ལྟ་སྟངས་གང་འདྲ་ཞིག་ལྟ་དགོས་འདུག་བསམས་ནས་ངས་དེབ་འདི་བྲིས་པ་ཡིན། དེབ་འདི་འགོ་འཛུགས་སྐབས་གནས་ཚུལ་གསལ་པོར་ཤེས་རྟོགས་སླད་རྒྱལ་སྤྱིའི་ཐོག་ལ་རང་ལུས་མེར་སྲེག་ཇི་ལྟར་བྱུང་ཚུལ་དང་། རྒྱལ་སྤྱིའི་ཐོག་དམངས་ཀྱི་དགོས་འདུན་ཆེད་རང་ལུས་མེར་སྲེག་ཐོག་མ་བྱུང་བ་དང་། སྐབས་དེར་སྲིད་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་ཚོར་སྡུག་སྦྱོང་ཇི་ལྟར་བཏང་མིན། མཐར་རང་ལུས་མེར་སྲེག་བཏང་མཁན་ཚོའི་དགོས་འདུན་དེ་དག་ཇི་ལྟར་སྒྲུབ་མིན། ཞེས་རྒྱལ་སྤྱིའི་ཐོག་ནས་ལྟ་སྟངས་དེ་རེད། དེ་ནས་བོད་ནང་གི་རང་ལུས་མེར་སྲེག་སྐོར་རེད། བོད་ནང་གི་རང་ལུས་མེར་སྲེག་ཐོག་མ་དེ་ཀུན་སློང་ཇི་འདྲ་ཞིག་ལས་བྱུང་བ་རེད། བར་དུ་སྲིད་གཞུང་གིས་དམ་བསྒྲགས་ཇི་འདྲ་བྱས་མིན། མཐར་རང་ལུས་མེར་སྲེག་གཏོང་མཁན་གྱི་དགོས་འདུན་ཇི་ལྟར་བསྒྲུབ་ཐུབ་ཡོད། ཅེས་དེ་གཉིས་སྐོར་ཡིན། རྒྱལ་སྤྱི་དང་བོད་ནང་གི་རང་ལུས་མེར་སྲེག་ལས་འགུལ་དབར་འདྲ་བའི་ཆ་གང་ཡོད། མི་འདྲ་བའི་ཆ་གང་ཡོད་བཅས་ལ་ཤིབ་བསྡུར་བྱ་རྒྱུ་དེ་རེད། དེ་རྗེས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཚོར་ཐུན་མིན་ཁྱད་ཆོས་གང་ཡོད། དེ་རྗེས་ངས་དེབ་འདིར་རེ་བ་གང་བཅོལ་བཞིན་ཡོད། མཐར་ངས་གང་ཞུ་རྒྱུ་ཡིན་བརྗོད་ན། ད་དུང་ཡང་ང་ཚོས་མུ་མཐུད་ནས་གང་བྱེད་རྒྱུ་ཡོད་མེད་གྲ་སྒྲིག་བྱེད་དགོས་པ་བཅས་གནས་སྟངས་དེ་དག་ལ་བསམ་བློ་བཏང་ནས་དེབ་འདི་བྲིས་པ་ཡིན།
བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ག་རེ་འདུག་ཟེར་ན། བོད་ནང་རང་ལུས་མེར་བསྲེགས་མགོ་འཛུགས་མཁན་ཐོག་མ་དགེ་འདུན་པ་དང་བཙུན་མ། དེ་ནས་མི་རྒན་པ། དེ་ནས་གཞོན་སྐྱེས་དེ་འདྲ་ཡོང་དུས། དཔེར་ན། དགེ་འདུན་པ་ཚོས་ནང་ཆོས་ནང་གི་དལ་བ་བརྒྱད་དང་འབྱོར་བཅུའི་མི་ཚེའི་རིན་ཐང་ཆེན་པོར་བརྩི་མཁན་ཞིག་གིས་རང་ལུས་མེར་བསྲེགས་གཏོང་སྐབས་ཀུན་སློང་ག་འདྲ་བཅིངས་ཡོད་མེད་དང་། ལྷག་པར་དུ་ང་ཚོའི་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་ཐོག་ནས་མིའི་ཚེ་སྲོག་གི་རིན་ཐང་ལ་ལྟ་སྟངས་ཡག་པོ་ཡོད་མཁན་གྱིས་ཚེ་སྲོག་བློས་གཏོང་བྱས་པར་ཀུན་སློང་ཐུན་མོང་མ་ཡིན་པ་དང་། དེ་ཡང་བོད་མི་གཅིག་པུ་མིན་པར་འཛམ་གླིང་ནང་ཞི་བདེ་ཡོང་ཆེད་དུ་དམིགས་ཏེ་རང་ལུས་མེར་བསྲེགས་གཏོང་བ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་འདྲ་མང་པོ་ཡོད། མཐའ་མར་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་བོད་མི་ ༡༣༢ དང་། བཙན་བྱོལ་ནང་བོད་མི་ ༧ བཅས་ཀྱིས་ས་གནས་གང་དུ་ཆུ་ཚོད་ག་དུས་ཐོག་རང་ལུས་མེར་བསྲེགས་གནང་བ་དང་ཁོང་ཚོའི་འདས་གསོན་གྱི་གནས་སྟངས། ཞལ་ཆེམས་སོགས་བང་རིམ་བསྒྲིགས་ཡོད། ངས་དེབ་འདི་ལ་རེ་བ་ག་རེ་འཆིང་གི་ཡོད་ཟེར་ན། རྒྱལ་སྤྱིའི་ནང་དང་བོད་ནང་རང་ལུས་མེར་བསྲེགས་གནང་བ་ལོ་རྒྱུས་ཤིག་ཡིན་དུས་ཁྱད་པར་གང་ཡང་མེད། དེབ་འདི་འདྲ་ཞིག་བཏོན་ཚར་བ་དང་དེའི་ནང་གི་བསམ་ཚུལ་ངའི་བསམ་ཚུལ་ཡིན་པ་ལས་སྤྱི་འཐུས་ལྷན་ཚོགས་ཀྱི་བསམ་ཚུལ་གཏན་ནས་མིན།
དེར་བརྟེན། བསམ་ཚུལ་དེའི་ནང་ནོར་བ་དང་འཁྲུག་པ་བྱུང་ན་ང་རང་གིས་འགན་འཁུར་ཡིན། ཕན་ཐོགས་པ་ཡིན་ན་གང་ཐུབ་ཀྱིས་ཁྱབ་སྤེལ་བྱ་རྒྱུ་དང་བོད་པ་ཚོས་གང་ཐུབ་ཀློག་པའི་རེ་བ་རྒྱག་གི་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན།
དཔེ་དེབ་དེའི་འགན་འཁྱེར་མཁན་ཁོང་རང་ཉིད་ཡིན་པ་ལས་སྤྱི་འཐུས་ལྷན་ཚོགས་ཀྱི་བསམ་ཚུལ་མིན་སྐོར་གསལ་བཤད་གནང་འདུག དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་། དེ་རྗེས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན།
ཐེངས་འདིར་བཀུར་འོས་སྤྱི་འཐུས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ ༡༣༢ དང་རྒྱལ་སྤྱིའི་ཐོག་རང་ལུས་མེར་སྲེག་གཏོང་མཁན་གྱི་གནས་ཚུལ་དང་རྒྱབ་ལྗོངས་གནས་སྟངས་སོགས་གོང་དུ་ཁོང་ནས་གསུངས་པ་ལྟར། དཔེ་དེབ་དབུ་འབྱེད་ཐོག་ཕྱོགས་གཅིག་ནས་འབྲི་མཁན་ཁོང་རང་ཉིད་སྤྱི་འཐུས་ཤིག་ཡིན། གཉིས་ནས་དཔེ་དེབ་དཔར་འགྲེམས་ཞུ་མཁན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ཡིན། ད་བར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཞིག་ཡིན་པའི་ཆ་ནས་ཐེངས་འདིར་རང་ལུས་མེར་སྲེག་གི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་བཅར་ནས་དེབ་དབུ་འབྱེད་ཀྱི་གོ་སྐབས་ཐོབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་ལུས་མེར་སྲེག་གི་གནས་ཚུལ་དེ་མི་རབས་འདིས་སེམས་ནང་ཤེས་རྟོགས་ཡོད། འོན་ཀྱང་ལོ་རྒྱུས་ཐོག་ནས་དཔེ་དེབ་འདི་གལ་ཆེན་པོ་ཆགས་ཡོད། གཞུང་འབྲེལ་ཐོག་ནས་ཀྱང་ཡིག་ཆ་འདོན་བཞིན་ཡོད། དཔེར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༨ གནས་ཚུལ་བྱུང་རྗེས་གདུང་སེམས་མཉམ་སྐྱེའི་དེབ་བཏོན་ཡོད། དེ་བཞིན་དམིགས་བསལ་ཚོགས་ཆེན་གྲུབ་རྗེས་རང་ལུས་མེར་སྲེག་གཏོང་མཁན་གྱི་མིང་དང་ལོ་རྒྱུས་སོགས་ཕྱོགས་སྒྲིག་བྱས་པའི་དཔེ་དེབ་བཏོན་ཡོད།
འོན་ཀྱང་དེབ་འདིའི་ནང་དུ་རྒྱལ་སྤྱིའི་ནང་ཝི་ཐི་ནམ་ནས་འགོ་བཙུགས་ནས་ལྷོ་ཤར་ཨེ་ཤི་ཡའི་ནང་ཡིན་ནའང་རེད། ཡུ་རོབ་ནང་ཡིན་ནའང་རེད། དེ་བཞིན་ཕྱིས་སུ་ཏུ་ནི་ཤི་ཡའི་ནང་རང་ལུས་མེར་སྲེག་དང་འབྲེལ་བའི་གནས་ཚུལ་གང་བྱུང་བ་དང་མཁས་པ་ཚོས་ཉམས་ཞིབ་ཇི་ལྟར་གནང་མིན་སོགས་འཁོད་འདུག་པ་མ་ཟད། ལྷག་པར་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ཚོས་ཀུན་སློང་འཁྱེར་སྟངས་དང་། དམིགས་ཡུལ། ཁ་ཆེམས་གང་བཞག་ཡོད་བཅས་ལ་ཞིབ་རྩད་གནང་ཡོད། སྤྱིར་བོད་ནང་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་རང་ལུས་མེར་སྲེག་བཏང་མཁན་ ༡༣༢ ནང་ ༡༡༣ འདས་གྲོངས་སུ་གྱུར་ཟིན། འོན་ཀྱང་གསོན་པོར་གནས་མཁན་དེ་དག་གི་གནས་སྟངས་ཇི་འདྲ་ཡིན་མིན་དང་། ཁོང་རྣམས་ཧ་ཅང་དཀའ་ངལ་འོག་གནས་ཡོད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ནང་མི་སྤུན་མཆེད་སོགས་ལ་སུན་གཙེར་བཟོ་བ་སོགས་ཧ་ཅང་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་གསལ་པོ་རེད། འོན་ཀྱང་བར་ལམ་ཞིག་ནས་ང་ཚོ་རྒྱལ་སྤྱིའི་ནང་འགྲོ་སྐབས་བོད་དོན་ཞུ་གཏུགས་བྱེད་སྐབས་དང་འབྲེལ་ཡོད་མི་སྣ་སོགས་དང་མཇལ་འཕྲད་སྐབས་ནུབ་ཕྱོགས་ས་ཁུལ་ཁག་འགའ་རེར་བོད་ནང་དུ་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་དེས་བསམ་ཚུལ་འདྲ་མིན་ཡོང་བཞིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུའང་དེ་མཚུངས་བསམ་ཚུལ་འདྲ་མིན་མང་དག་གཅིག་ཡོང་བཞིན་འདུག
དཔེར་ན། བོད་ནང་རང་ལུས་མེར་སྲེག་བཏང་རྗེས་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུ་སྲོལ་ཡོད། འདི་ནི་ང་ཚོ་ནང་པ་སངས་རྒྱས་པའི་འགྲོ་སྟངས་ཤིག་ཡིན། འོན་ཀྱང་སྐབས་རེ་མཆོད་འབུལ་སྨོན་ལམ་དང་སྐད་འབོད་སོགས་བྱེད་སྐབས་ཁྱེད་ཚོས་བོད་ནང་རང་ལུས་མེར་སྲེག་མང་དུ་གཏོང་རྒྱུའི་བརྒྱུད་སྐུལ་བྱེད་ཀྱི་མེད་དམ་ཞེས་དྲི་བ་དེ་འདྲ་ཡང་གཏོང་མཁན་ཡོད། དེར་བརྟེན་ནུབ་ཕྱོགས་ཀྱི་མི་ཚོར་བསམ་ཚུལ་དེ་འདྲ་ཡོང་བཞིན་ཡོད། འོན་ཀྱང་ནུབ་ཕྱོགས་རང་དབང་ལུང་པ་རེད། བོད་དང་བོད་ལྟ་བུའི་གནས་སྟངས་སྡུག་པོ་དེ་འདྲའི་འོག་མིའི་ལུས་སེམས་གཉིས་ལ་དཀའ་ངལ་ཇི་འདྲ་ཞིག་འཕྲད་བཞིན་ཡོད་པ་ཁོང་ཚོའི་བསམ་བློར་འཆར་མ་ཐུབ་པའི་གནས་སྟངས་ཤིག་འོག་ནས་ནུབ་ཕྱོགས་པ་ཚོར་བསམ་བློ་དེ་འདྲ་འཁོར་བཞིན་ཡོད་སྟབས། ཁོང་ནས་ཐེངས་འདིར་དེབ་འདི་བོད་ཡིག་ནང་བྲིས་གནང་ཡོད། དེར་བརྟེན་འབྱུང་འགྱུར་མི་རབས་ཚོས་ལྟ་ཀློག་བྱ་རྒྱུའི་གཞི་རྩ་ཧ་ཅང་གལ་ཆེན་པོ་ཞིག་བཟོས་ཡོད། དེབ་འདིའི་ནང་རྒྱལ་སྤྱིའི་གནས་ཚུལ་རྣམས་ཕུད་གཞན་རྣམས་བོད་ནང་གི་གནས་ཚུལ་ཤ་སྟག་ཡིན་སྟབས། བྱུང་ན་རྒྱ་སྐད་དང་དབྱིན་སྐད་སོགས་ནང་ཕབ་བསྒྱུར་གནང་ཐུབ་ཚེ་བོད་མིའི་རང་ལུས་མེར་གཏོང་མཁན་གྱི་ཀུན་སློང་དང་དམིགས་ཡུལ་སོགས་རྟོགས་ཐུབ་པར་བརྟེན་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་འགྲོ་ཐུབ་རྒྱུ་རེད་བསམ་པ་དྲན་གྱི་འདུག དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།