༢༠༡༤ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༥ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་མོནྜ་རེལ་ནང་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ Canada Tibet Committee at Montrealགོ་སྒྲིག་འོག་ཚོགས་མི་རྣམས་ལ་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་དམ་བསྒྲགས་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་བ། དེ་བཞིན་བོད་མི་རྣམས་དཔལ་འབྱོར་ཟུར་ཕུད་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ལ་བརྟེན་ནས་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་ ༡༣༢ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་སྐོར་སོགས་གསུངས། ཐེངས་འདིར་སྲིད་སྐྱོང་མཆོག་གི་གསུང་བཤད་མ་གནང་གོང་ཕྱི་དྲིལ་ལས་ཁུངས་ཀྱིས་བཟོ་སྐྲུན་ཞུས་པའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྱི་གློག་བརྙན་སྐར་མ་ ༧ ཅན་ཞིག་བསྟན་འདུག སྐབས་དེར་བོད་རྒྱ་འབྲེལ་མོལ་སྐོར་གྱི་དྲི་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་འགོ་ཁྲིད་དབར་འབྲེལ་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ལོའི་འགོ་སྟོད་ཙམ་ནང་བྱུང་ནས་ད་བར་འབྲེལ་མོལ་བསྐྱར་གསོ་མ་བྱུང་བར་དེ་མུར་ལུས་ཡོད། དེ་ལྟར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་མ་ཐུབ་པར་ལུས་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་སྲིད་གཞུང་གིས་དོགས་པ་རྣམ་རྟོག་ཚ་དྲག་པར་བརྟེན་ཡིན་པ་ལས། བོད་མིའི་ངོས་ནས་ལངས་ཕྱོགས་ཕྱི་གསལ་ནང་གསལ་འཛིན་བཞིན་པ་མ་ཟད། རྒྱ་ནག་འགོ་ཁྲིད་ཚོ་དང་དུས་ནམ་ཞིག་དང་ས་གནས་གང་དུ་ཐུག་ཀྱང་ཐུག་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། ཅེས་གསུངས་འདུག
ཉིན་དེའི་ཕྱེད་ཡོལ་དུ་སྲིད་སྐྱོང་མཆོག་གིས་མོནྜ་རེལ་ས་གནས་བོད་རིགས་ཚོགས་པས་ Tibetan communities in Montreal གོ་སྒྲིག་འོག་བོད་མི་རྣམས་ལ་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ཐེངས་འདིར་ཁེ་ན་ཌ་དང་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་དགོས་དོན་གཙོ་བོ་ནི་ཁེ་ན་ཌའི་ཧ་ལི་ཕེག་སི་གྲོང་ཁྱེར་ནང་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་མ་ཟད། མོནྜ་རེལ་ Montreal དང་ཨོ་ཊ་ཝའི་ Ottawa བོད་རིགས་རྣམས་དང་ཐུག་འཕྲད་ཆེད་ཡིན་སྐོར་གསུངས། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སྐབས་དེར་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་གི་ནང་འདས་པའི་ལོ་ ༤ ནང་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཀྱང་སློབ་ཡོན་གྱི་གོ་སྐབས་མང་དུ་བཏང་ཡོད་པ་དང་ཕྲུ་གུའི་ཤེས་ཡོན་གྲུབ་འབྲས་སྔར་ལྷག་ཡོང་སླད་མཐུན་འགྱུར་གང་ཡོད་གནང་བཞིན་ཡོད་སྐོར་གསུངས།
དེ་བཞིན་བཀའ་ཤག་སྐབས་བཅུ་བཞི་པས་འདས་པའི་ལོ་ངོ་གསུམ་ནང་ལས་དོན་གང་ཅིའི་ཐོག་ཡར་རྒྱས་ཕྱིན་པར་བརྟེན་འབྲེལ་ཡོད་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་བར་ཐུགས་རྗེ་ཆེ་གསུང་ཡོད། རྒྱལ་སྤྱིའི་ནང་བོད་མི་ཚོར་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་པ་དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བརྗེའི་བཀྲིན་ཉག་གཅིག་དང་ཕྱོགས་མཚུངས་བོད་མིའི་སྙིང་སྟོབས་དང་། ཞི་འདུལ་བག་ཡོད། དེ་བཞིན་རྡོག་སྒྲིལ་པོ་ཡོད་པ་སོགས་བཟང་སྤྱོད་དེ་དག་ལ་བརྟེན་ནས་ཡིན་སྐོར་གསུངས། གཞན་ཡང་སྲིད་སྐྱོང་མཆོག་གིས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་གཏན་འབེབས་གནང་བའི་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ The Tibetan Rehabilitation Policy, 2014 ཞེས་པ་བརྒྱུད་ད་ཆ་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་ཚོར་རྒྱ་གར་དབུས་སའི་གཞུང་གཉིས་ཀའི་རོགས་རམ་གྱི་ལས་གཞི་ཁག་རྒྱ་གར་ཡུལ་མི་དང་གཅིག་མཚུངས་སུ་ཁེ་ཕན་ཐོབ་རྒྱུ་མ་ཟད། བོད་མི་སྐྱབས་བཅོལ་བ་ཚོ་ཡང་རྒྱ་གར་གྱི་སྨན་ཁང་དང་སློབ་གྲྭ་སོགས་ནང་སྨན་ཞབས་པ་དང་དགེ་རྒན་ལས་ཀ་བྱེད་ཆོག་པ་དང་།
དེ་བཞིན་སྨན་དང་། བཟོ་སྐྲུན་ལས་རིགས་སོགས་ལག་ཤེས་ལས་རིགས་སོགས་ནང་ཡུལ་མི་དང་གཅིག་མཚུངས་སུ་ལས་ཀ་བྱེད་ཆོག་རྒྱུ་ཡིན་སྐོར་གསུངས། གཞན་ཡང་སྲིད་སྐྱོང་མཆོག་གིས་ཉིན་དེར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ Canadian Parliamentary Friends of Tibet དང་ལྷན་གསོལ་ཚིགས་ལྷན་བཞེས་གནང་བ་མ་ཟད། ཁེ་ན་ཌའི་གཞུང་གི་ལས་བྱེད་ཁག་གཅིག་དང་མཇལ་འཕྲད་ཡང་གནང་འདུག ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཨོ་ཊ་ཝའི་བོད་རིགས་རྣམས་ལ་གསུང་བཤད་གནང་སྐབས། དེང་སྐབས་བོད་མི་ ༡༠༠༠ ཁེ་ན་ཌར་གཞིས་སྤོ་བྱ་རྒྱུའི་ལས་གཞི་ཚགས་ཚུད་ངང་འགྲོ་བཞིན་པ་མ་ཟད། གསར་དུ་འབྱོར་བའི་བོད་མི་རྣམས་མགྱོགས་མྱུར་ཁེ་ན་ཌའི་མི་སེར་ཆགས་རྒྱུར་ལས་དོན་རྣམས་ཚགས་ཚུད་པོའི་ཐོག་ནས་འགྲོ་བཞིན་པ་དེར་དགའ་ཚོར་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་ནས་གསུང་དོན། འདིར་རྒྱ་གར་ནས་གཞིས་སྤོས་སུ་འབྱོར་བ་ཁྱེད་རྣམས་ལས་ཀར་བཀའ་ལས་བརྒྱབ་པ་དང་ཕྱོགས་མཚུངས་སློབ་སྦྱོང་ཡང་གནང་དགོས། སློབ་སྦྱོང་ཡག་པོ་ཐོན་ཚེ་ལས་ཀ་ཡང་ཡག་པ་ཐོབ་རྒྱུ་རེད།
དེ་ལྟར་བྱུང་ན་ཡོང་བབ་ཀྱང་བཟང་བ་ཡོད། ཅེས་གསུངས་པ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སྲིད་བྱུས་སྤྱི་དང་ལྷག་པར་སློབ་ཡོན་སྲིད་བྱུས་ལག་བསྟར་གནང་ཕྱོགས་སྐོར་ངོ་སྤྲོད། དེ་བཞིན་རྡ་སར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་དྭངས་ཞབས་ཀྱི་གོ་སྐབས་ཡོད་སྐོར་སོགས་ངོ་སྤྲོད་གནང་། དེང་སྐབས་གྲོང་ཁྱེར་མོནྜ་རེལ་ནང་དུ་བོད་མི་གྲངས་ ༡༣༣ ཡོད་པ་དང་ཨོ་ཊ་ཝར་བོད་མི་གྲངས་ ༥༠ ཡོད་འདུག ཁུལ་དེར་ལས་དོན་ཡོངས་སུ་གྲུབ་མཚམས་སྲིད་སྐྱོང་མཆོག་ཁུལ་དེ་ནས་ཁེ་ན་ཌའི་གྲོང་ཁྱེར་གཞན་སྟེ་བྷར་ལིང་ཊོན་ Burlington དང་ཝར་མོནྜ་ Vermont སོགས་ནང་ཕེབས་ཐོན་གནང་འདུག ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་མཆོག་གིས་ཝར་མོནྜ་ Vermont ས་གནས་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག