༢༠༡༤ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༥ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝའི་ Ottawa ནང་གསར་འགྱུར་བརྒྱུད་ལམ་གྲགས་ཅན་སྡི་སྒོ་ལོབ་ཨེན་མེལ། The Globe and Mail ཞེས་པའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་གསུང་དོན། དེང་སྐབས་ཁེ་ན་ཌའི་སྲིད་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་ཤུགས་ཆེ་རུ་གཏོང་བཞིན་པའི་སྲིད་བྱུས་དེའི་འོག་བོད་ནང་དུ་མ་འཛུགས་ལས་གཞི་རྒྱ་སྐྱེད་ཐོག་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་ཆོས་དད་གཞི་རྩར་བཟུང་བའི་ཐུན་མིན་རིག་གཞུང་དེར་བརྩི་མེད་རྡོག་རོལ་བཏང་སྟེ་དོ་ཕོག་ཤུགས་ཆེ་འགྲོ་རྒྱུའི་ཉེན་ཁ་འདུག སྤྱིར་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རྒྱ་ནག་དང་ཚོང་འབྲེལ་ཇི་འདྲ་ཞིག་བྱ་མིན་རྒྱལ་ཁབ་སོ་སོའི་ཐོབ་ཐང་རེད། འོན་ཀྱང་བོད་ནང་ལ་མཚོན་ན། ཁེ་ན་ཌས་གཙོས་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རྒྱ་ནག་དང་ཚོང་འབྲེལ་གྱི་མ་རྩ་འཛུགས་སྐབས་བོད་ནང་གི་ཁོར་ཡུག་དང་རིག་གཞུང་སོགས་ལ་དོ་ཕོག་མི་གཏོང་བའི་སྲིད་བྱུས་ཤིག་ལག་བསྟར་གནང་ཐུབ་རྒྱུར་ང་ཚོས་འདོད་བབ་བྱེད་བཞིན་ཡོད།
སྤྱིར་ང་ཚོས་ཁེ་ན་ཌ་དང་རྒྱ་ནག་ཡུལ་གཉིས་ཀས་བོད་ནང་ཚོང་གི་འབྲེལ་ལམ་བཟང་པོ་ཞིག་འཛུགས་ཐུབ་རྒྱུའི་འདོད་པ་བྱེད་བཞིན་ཡོད། འོན་ཀྱང་ཁེ་ན་ཌའི་ཚོང་དོན་སྒྲིག་འཛུགས་འགའ་རེས་བོད་ནང་མ་འཛུགས་ལས་གཞི་ལག་བསྟར་གནང་སྐབས་བོད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ལ་དོ་ཕོག་བཏང་མི་ཡོང་ངམ་སྙམ་པའི་ང་ཚོར་སེམས་འཚབ་ཡོང་གི་འདུག ཚོང་དོན་སྒྲིག་འཛུགས་སུ་འདྲ་ཞིག་ཡིན་རུང་བོད་ནང་མ་རྩ་འཛུགས་འདོད་ཡོད་ཚེ་བོད་ཀྱི་ཁོར་ཡུག་དང་བོད་མིའི་ཐུན་མིན་རིག་གཞུང་དང་གོམས་སྲོལ་ལ་ངེས་པར་དུ་བརྩི་འཇོག་གནང་དགོས་པ་ཙམ་མ་ཟད། ས་གནས་བོད་མི་རྣམས་ལའང་དཔལ་འབྱོར་གྱི་ཁེ་ཕན་ཐོབ་ཐུབ་པ་ཞིག་གནང་དགོས།
དེར་བརྟེན་ཁེ་ན་ཌའི་ཚོང་དོན་སྒྲིག་འཛུགས་སུས་རྒྱ་ནག་གི་ཚོང་དོན་སྒྲིག་འཛུགས་དང་ལྷན་མ་རྩ་འཛུགས་རྒྱུའི་གན་རྒྱ་བཞག་ཡོད་ཀྱང་ཁོང་ཚོས་བོད་ནང་ལས་གཞི་ལག་བསྟར་གནང་སྐབས་གཞི་རྩའི་ཚོང་གི་ལས་དོན་ཞིག་ཡིན་ཕྱིན་ཁེ་སང་ལ་བསམ་བློ་ངེས་པར་དུ་གཏོང་དགོས་ཀྱང་། བོད་ནང་གི་གནས་སྟངས་ལ་དམིགས་བསལ་དོ་སྣང་གནང་དགོས་པའི་ལྟ་གྲུབ་ཁག་གཅིག་རྒྱུན་སྐྱོང་ཐོག་ས་གནས་བོད་མི་རྣམས་ཀྱི་བདེ་དོན་ལ་ངེས་པར་དུ་བསམ་བློ་གཏོང་དགོས། ལྷག་པར་བོད་ནང་དུ་གཏེར་དངོས་སྔོག་འདོན་སྐབས་བོད་ཀྱི་གནས་རི་དང་ཆུ་ཆེན་ཁག་ལ་གཏོར་བཤིག་གཏོང་རྒྱུར་སེམས་འཁྲལ་ཧ་ཅང་ཆེན་པོ་འདུག ཅེས་གསུངས་འདུག
ཕྱོགས་མཚུངས་སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ནང་དུ་བོད་མིའི་ཆབ་སྲིད་དང་ཆོས་དད་རང་དབང་གི་གནས་སྟངས་མུ་མཐུད་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐོག་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག སྤྱིར་ཁེ་ན་ཌའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་བློན་ཆེན་སྐུ་ཞབས་ཨེན་ཌིའོ་བྷེན་ནེ་ཊི་ Andrew Bennett མཆོག་གིས་འདི་ལོའི་ལོ་འགོར་༸གོང་ས་མཆོག་དང་མཇལ་འཕྲད་གནང་འདུག གསར་འགོད་པས་སྲིད་སྐྱོང་མཆོག་ལ་སྐུ་ཞབས་ཨེན་ཌིའོ་བྷེན་ནེ་ཊི་མཆོག་བོད་ནང་དུ་གནས་སྟངས་རྟོག་ཞིབ་ཆེད་ཕེབས་རོགས། ཞེས་འབོད་སྐུལ་ཞུ་འཆར་ཡོད་མེད་ཀྱི་དྲི་བར་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་དེ་ལྟར་མེད་ཀྱང་། འབྱུང་འགྱུར་བློན་ཆེན་མཆོག་བོད་ནང་དུ་གཟིགས་སྐོར་ཕེབས་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད་སྐོར་གསུང་དོན། ཁོང་བོད་ནང་དུ་གཟིགས་སྐོར་ཕེབས་ཐུབ་ན་ཧ་ཅང་ཡག་པོ་འདུག ཁོང་བོད་ནང་ཕེབས་པ་ཙམ་མ་ཟད། བོད་མིའི་ཆོས་དད་རང་དབང་ཐོག་སྙན་ཐོ་ཞིག་འདོན་ཐུབ་ན་དགེ་ཚན་ཡོང་ངེས་རེད། ཅེས་ལན་འདེབས་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༥ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝའི་ནང་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ས་གནས་བོད་རིགས་བཅས་དང་ཐུག་འཕྲད་ཀྱིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་བཞིན་པའི་སྐོར་གོ་རྟོགས་རྒྱ་སྐྱེད་སྤེལ་འདུག སྤྱིར་ཟླ་བ་འདིའི་ཟླ་འགོར་ཁེ་ན་ཌའི་སྲིད་བློན་སྐུ་ཞབས་སི་ཊི་ཕེན་ཧར་པར་ Prime Minister Stephen Harper མཆོག་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག སྐབས་དེར་ཡུལ་གཉིས་དབར་ཚོང་གི་མ་འཛུགས་ལས་གཞི་རྣམས་ལ་མོས་མཐུན་གྱི་གན་རྒྱ་བཞག་ཡོད་པ་མ་ཟད། ལས་གཞི་དངོས་སུ་ལག་བསྟར་སྐབས་སྲུང་སྐྱོབ་དགོས་པའི་ཁྲིམས་སྒྲིག་ཆ་རྐྱེན་ཁག་ལག་བསྟར་བྱ་རྒྱུའི་གན་རྒྱར་མིང་རྟགས་བཀོད་ཟིན་འདུག སྤྱིར་ད་ལྟའི་ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་སྲིད་གཞུང་ The Conservative governmentགིས་པེ་ཅིང་སྲིད་གཞུང་དང་ཚོང་གི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་འདུག