༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དང་ཨོ་རི་ས་གཞིས་ཆགས་སུ་ཆོས་འབྲེལ་མཛད་འཆར་ཡོད་པ་དང་། དེ་རྗེས་གུ་ཇུ་རཊ་ (Gujurat) མངའ་སྡེ་བ་རོ་ཌ་ (Baroda) ཁུལ་དུ་རྟེན་གཞི་བྱས་པའི་ (Maharaja Sayaji Rao University) མ་ཧ་ར་ཇ་ས་ཡ་ཇི་རའོ་གཙུག་ལག་སློབ་ཁང་དུ་ཆིབས་སྒྱུར་དང་འབྲེལ་ཁུལ་དེར་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་ཞིག་ཏུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་དང་། ཚོགས་འདུ་དེར་༸གོང་ས་མཆོག་དབུ་བཞུགས་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག གུ་ཇུ་རཊའི་སྤྱི་ཁྱབ་བློན་ཆེན་མཆོག ཧི་མ་ཅལ་སྤྱི་ཁྱབ་བློན་ཆེནམཆོག ཨུ་ཏར་ཨན་ཅལ་སྤྱི་ཁྱབ་བློན་ཆེན་མཆོག་དང་། འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་མཆོག་བཅས་ཀྱི་དབུས་པའི་དགེ་འདུན་པ་ ༤༠༠ བཅས་ཁྱོན་བསྡོམས་མི་གྲངས་༦༠༠ ཙམ་ལྷན་ཞུགས་གནང་རྒྱུ་རེད་འདུག ཚོགས་འདུ་དེའི་བརྗོད་གཞི་གཙོ་བོ་ཁག་ནིི། གུ་ཇུ་རཊའི་སྤྱི་ཚོགས་ཡར་རྒྱས་གཏོང་ཕྱོགས། ནང་ཆོས་ཀྱི་ཞབས་འདེགས་གང་ཞུ་དགོས་ཡོད་མེད་ཅེས་ཀྱི་ཐོག་ལ་ལྷན་ཚོགས་གནང་རྒྱུ་ཡིན་འདུག ཚོགས་ཆེན་དེའི་ནང་ཆེད་རྩོམ་སྙིང་བསྡུས་འདྲ་མིན་ ༡༨༣ སླེབས་རྒྱུ་ཡོད་པའི་ནང་ནས་ ༡༤༤ ད་ཆ་གུ་ཇུ་རཊིར་འབྱོར་ཟིན་ཡོད་པ་མ་ཟད། དེའི་ནང་ནས་ཆེད་རྩོམ་སྙིང་བསྡུས་ ༤༥ རྒྱལ་སྤྱིའི་མི་སྣ་ཁག་གི་ཡིན། ཚོགས་ཆེན་དེའི་འགྲོ་གྲོན་ཆེད་གུ་ཇུ་རཊ་མངའ་སྡེའི་གཞུང་ནས་ཧིན་སྒོར་ས་ཡ་བཅུ་གནང་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གཞིར་བཟུང་བྱས་ན། མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༥ ནས་ ༩ བར་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བཀྲིན་བསྐྱང་རྒྱུ་ཡིན་པ་དང་། ཁུལ་དེར་ཕྱི་ཚེས་ ༥ ནས་ ༨ བར་ཉིན་བཞིའི་རིང་མང་ཚོགས་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་སྟོད་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། ཀློང་ཆེན་རབ་འབྱམས་པས་མཛད་པའི་སེམས་ཉིད་ངལ་གསོ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོོན་བཅས་ཀྱི་བཀའ་ཆོས་སྩལ་རྒྱུའི་མཛད་འཆར་ཡོད་པ་རེད། ཕྱི་ཚེས་ ༩ ཉིན་མང་ཚོགས་ལ་ཚེ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་དང་། ཕྱོགས་མཚུངས་དད་ལྡན་ཆོས་ཞུ་བ་རྣམས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་ཡིན་འདུག ༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་མཛད་འཆར་ཁག་གྲུབ་རྗེས་ཨོ་རི་ས་ཕུན་ཚོགས་གླིང་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༣ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་རི་དགོན་ཐུབ་བསྟན་སྨིན་སྒྲོལ་གླིང་གི་དགོན་ཁང་གསར་དུ་དབུ་འབྱེད་དང་འབྲེལ་བླ་མ་གསང་རྡོའི་ཐོ་རེངས་ཚལ་དུམ་བུ་བཞིི་དབང་བཀའ་དྲིན་སྩལ་རྒྱུ་དང་། ༸གོང་ས་མཆོག་ཁུལ་དེའི་མཛད་འཆར་རྣམས་གྲུབ་རྗེས་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༥ ཉིན་གུ་ཇུ་རཊིར་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་དང་སྦྲགས་ལམ་སྟོན་བཀའ་སློབ་སྩལ་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ།།