༢༠༡༤ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༢ རེས་གཟའ་སྤེན་པའི་སྔ་དྲོ་ཆོ་ཚོད་ ༩ ཐོག་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོས་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་མཛད་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོའི་སྔོན་འགྲོ་དང་། སྔགས་ཀྱི་མཁས་པའི་བགྲོ་གླེང་ཐོག་མ་འཚོགས་འཆར་ཡོད་པའི་སྔོན་འགྲོའི་ལྷན་ཚོགས་ཤིག་ཚོགས་ཡོད། སྐབས་དེར་རྒྱུད་སྟོད་བླ་མ་དབུ་མཛད་ཐུབ་བསྟན་བསྟན་འཛིན་རིན་པོ་ཆེ་མཆོག་དང་། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་དགེ་འདུན་པ་ཞལ་གྲངས་ ༣༠༠ ལྷག་འདུ་འཛོམས་གནང་བའི་ཁྲོད་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་སེར་བྱེས་ཧར་གདོང་བྱ་དོ་རིན་པོ་ཆེ་མཆོག་གིས་གསུང་དོན།
ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༩ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྔགས་ཀྱི་བགྲོ་གླེང་ཆེན་མོའི་དབུ་འབྱེད་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་བགྲོ་གླེང་དབུ་འབྱེད་མཛད་གཏན་འཁེལ་ཡོད། ཅེས་སོགས་གསུངས། གཞན་ཡང་སྐབས་དེར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་དོན། དགེ་འདུན་པ་ཚོས་རིང་མིན་གྲྭ་ཚང་ནང་སྔགས་ཀྱི་བགྲོ་གླེང་ཆེན་མོའི་ཐོག རྟགས་གསལ་གཏོང་བ་ལྟ་བུ་མིན་པར། དེང་རབས་བགྲོ་གླེང་གི་རྣམ་པའི་ཐོག་ནས་བསམ་ཚུལ་སྤེལ་རེས་བྱེད་དགོས་པའི་ལམ་སྟོན་གནང་བ་དང་སྦྲགས་གསུང་དོན།
རྗེས་དྲན་ཟེར་བ་འདི་ནི་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་དང་། དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྐྱེས་བུ་དམ་པ་ཚོའི་མཛད་པ་འཕྲིན་ལས་ལ་རྗེས་དྲན་དང་རྗེས་དྲན་གྱི་དུས་སྟོན་བྱེད་དགོས་ཟེར་ནས་སངས་རྒྱས་རང་གིས་འདུལ་བ་སོགས་སུ་ཡང་ཡང་གསུངས་ཡོད། སྟོན་པ་ཞལ་བཞུགས་སྐབས་སུའང་སྟོན་པའི་མཛད་ཆེན་བཞི་བསྐྱངས་སའི་གནས་ཆེན་ཁག་ལ་རྗེས་དྲན་གྱི་མཆོད་རྟེན་བརྩིགས་པ་དང་རྗེས་དྲན་གྱི་དུས་སྟོན་ཚོགས་པའི་ལམ་སྲོལ་དེ་ཡོད་པ་ཞིག་རེད། ང་ཚོས་རྗེས་དྲན་ཞུ་དགོས་དོན་མང་པོ་ཡོད་པའི་ཁྲོད་ནས་བསྡོམས་བརྒྱབ་ན་གནད་འགག་ཆེ་བའི་དོན་ཚན་བཞི་ཡོད། དང་པོ། དད་པའི་རྗེས་དྲན་ནི་ཆོས་ཐམས་ཅད་ཀྱི་གཞི་རྩའམ་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་ནི་དད་པའི་ངོ་བོ་ལྟ་བུ་ཡིན་སྟབས། བླ་མ་ལ་སངས་རྒྱས་ཞེས་ཐོབ་པའི་དད་པ་སྦྱོང་རྒྱུ་དེ་ལམ་ཐམས་རྩད་ཀྱི་རྩ་བ་ལྟ་བུ་ཆགས་ཀྱི་ཡོད་སྟབས། སངས་རྒྱས་དང་རྩ་བའི་བླ་མ། རྒྱུད་ཀྱི་བླ་མ་རྣམས་ཀྱི་མཛད་པ་གལ་ཆེ་བ་དག་རྗེས་སུ་དྲན་པ་ནི་དད་པ་གཅིག་གི་དགོས་དམིགས་ཡོད་མཁན་ཞིག་ཆགས་ཡོད་པ་དང་། གཉིས་པ། དད་པའི་རྗེས་དྲན་མ་ཟད་བཀའ་དྲིན་རྗེས་དྲན་ཞུ་དགོས། དེ་ཡང་བདག་ཉིད་ཆེན་པོ་ཚོ་ཡང་ཡང་རྗེས་དྲན་ཞུ་སྐབས་སོ་སོའི་སེམས་ནང་ཤུགས་ཀྱིས་ཁོང་ཚོའི་བཀའ་དྲིན་ཚོར་གྱི་རེད།
ལྷག་པར་དུ་འཆད་རྩོད་རྩོམ་གསུམ་ནང་ནས་རྩོམ་གྱི་མཛད་པ་དེ་གལ་ཆེ་ཤོས་ཡིན་པ་མ་ཟད། ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་སྔོན་བྱོན་མཁས་པ་ཚོས་བརྩམས་པའི་གསུང་རབ་དག་ལ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་འདི་ཧ་ཅང་བཀའ་དྲིན་ཆེན་པོ་རེད། སྔོན་མ་རྗེ་རིན་པོ་ཆེས་གདུལ་བྱ་བགྲང་ལས་འདས་པར་ཆོས་སྟོན་གནང་བ་དང་། འཆད་རྩོད་གཉིས་ལ་མཛད་པ་འཕྲིན་ལས་མང་པོ་བསྐྱངས་ཏེ་རྩོམ་གྱི་ཐོག་ལ་མཛད་པ་བསྐྱངས་མེད་ཚེ། གཅིག་བྱས་ན་ད་ལྟ་ང་ཚོས་རྗེ་རིན་པོ་ཆེ་བརྗེད་དེ་མཚན་ཙམ་ཡང་མི་ཤེས་པ་ཆགས་ཡོད་རྒྱུ་རེད། དེར་བརྟེན། ང་ཚོས་རྗེ་རིན་པོ་ཆེའི་མཛད་རྗེས་ལ་རྗེས་དྲན་ཞུ་དགོས། གསུམ་པ། རྗེས་སུ་བཟུང་བའི་རྗེས་དྲན་ནི་རང་ཉིད་ཀྱིས་རྗེས་དྲན་ཞུ་ཡུལ་དག་གི་མཛད་པ་རྣམ་ཐར་ཤེས་པ་མ་ཟད། རང་ཉིད་ཀྱང་དེའི་རྗེས་སུ་བཟུང་རྒྱུའི་འདོད་པ་བསྟན་ནས་ཉམས་ལེན་བྱས་པ་དང་། བཞི་པ། རང་གཞན་གཉིས་ཀྱི་དགེ་བར་ཡང་ཡང་དྲན་ནས་རྗེས་སུ་ཡི་རང་སྒོམ་པ་ཡིན་ཚེ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་གི་ཡོད་སྟབས། ང་ཚོས་དགོས་དམིགས་དེ་དག་གཞིར་བཟུང་རྗེས་དྲན་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བོད་བརྒྱུད་ནང་བསྟན་ནི་དཔལ་ནཱ་ལེནྜའི་ཆོས་རྒྱུད་དྲི་མ་མེད་པ་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་པ་མ་ཟད། འཇིག་རྟེན་ཁྱོན་ཡོངས་ནས་སྒྲ་བསྒྱུར་བྱས་ཡོད་པའི་ཁྲོད་ནས་བོད་སྐད་ལས་མང་བ་ཞིག་གཞན་ན་མེད། བཀའ་འགྱུར་བསྟན་འགྱུར་ནང་ཧ་ལམ་ཆོས་ཚན་ ༥༠༠༠ ཡས་མས་ཤིག་ཡོད་པ་མ་ཟད། ཆོས་རྒྱལ་སྐབས་ཀྱི་རྗེ་འབངས་ཉེར་ལྔ་ནས་བཟུང་ད་བར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གཅིག་མཇུག་གཉིས་མཐུད་དུ་ཕེབས་ཏེ་འཆད་རྩོད་རྩོམ་གསུམ་གནང་ཡོད་སྟབས། བོད་བརྒྱུད་ནང་བསྟན་འདི་དཔལ་ནཱ་ལེནྜའི་ཆོས་རྒྱུད་དྲི་མ་མེད་པ་དེ་ཡིན་ཞེས་ཐེ་ཚོམ་མེད་པར་བཤད་ཐུབ་པའི་གནས་སྟངས་འདི་བྱུང་བ་རེད། བོད་བརྒྱུད་ནང་བསྟན་འདི་དཀའ་ངལ་གཅིག་ཀྱང་མེད་པར་སྟབས་བདེ་པོའི་ཐོག་ནས་ལོ་བརྒྱ་ཕྲག་ཁ་ཤས་གོང་བསླེབས་པ་ཞིག་མིན།
བོད་བརྒྱུད་ནང་བསྟན་དར་སྤེལ་ཐད་འགལ་རྐྱེན་མང་པོ་ཞིག་འཕྲད་ཡོད་པ་མ་ཟད། ལྷག་པར་དུ་གླང་དར་གྱིས་བསྟན་པ་བསྣུབས་རྗེས་ཕལ་ཆེར་ལོ་ ༦༠ ནས་ ༨༠ བར་དགེ་འདུན་གྱི་སྡེ་མེད་པར་བསྡད་པ་རེད། དེའི་རྗེས་བསྟན་པ་ཕྱི་དར་སྐབས་དཔལ་ལྡན་ཇོ་བོ་རྗེ་མཆོག་དང་འབྲོམ་སྟོན་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོས་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཞིག་བསྐྱར་གསོ་གནང་སྟེ། སྦྱོང་སྤྱོད་སྤེལ་གསུམ་བྱེད་ཐུབ་པའི་གནས་སྟངས་བྱུང་ཡོད་ཀྱང་། འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་ཀྱིས་ཇི་ལྟར་དག་ཐེར་མཛད་པ་ལྟ་བུ་ཞིག་བྱུང་མེད་པ་ལྟ་བུ་རེད། ང་ཚོས་བློ་གཟུ་བོའི་ཐོག་ནས་བལྟས་ན་ཤེས་ཐུབ་པ་ཞིག་ཆགས་ཡོད། བཀའ་རྒྱུད་དང་རྙིང་མ། ས་སྐྱ་སོགས་ཀྱི་ཆོས་རྒྱུད་དར་སྟངས་ལ་བལྟས་ན་ཡི་དམ་གྱི་ལྷའམ་རྒྱ་གར་གྱི་གྲུབ་ཆེན་བྱེ་བྲག་པ་ཞིག་གི་རྒྱུད་པ་ཕ་རོལ་ཕྱིན་པའི་ཐེག་པའི་དབང་དུ་བཏང་ན་གཞུང་བྱེ་བྲག་པ་གཙོ་བོར་བཟུང་སྟེ་བཤད་པ་ཞིག་མ་གཏོགས་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་འདུས་པའི་མདོ་སྔགས་གཉིས་ཀྱི་ཆོས་ཚུལ་ཡོངས་རྫོགས་གང་ཟག་ཅིག་གི་ཉམས་ལེན་ལ་གདན་ཐོག་གཅིག་སྒྲིལ་བྱས་ཏེ་ཉམས་ལེན་བྱེད་མཁན་ཞེ་དྲག་དཀོན་པོ་རེད།
ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་ཐོག་ནས་བསྟན་པ་སྤྱིའི་རྣམ་གཞག་གསལ་སྟོན་གནང་བ་བཞིན་ཁྱབ་ཆེན་པོ་ཞིག་རྗེ་རིན་པོ་ཆེ་མ་བྱོན་གོང་ཧ་ལམ་བོད་ནང་མ་བྱུང་བ་ལྟ་བུ་ཞིག་ཆགས་ཡོད། རྗེ་ཙོང་པ་ཆེན་པོས་མདོ་སྔགས་ཙམ་མ་ཟད་སྨན་དང་སྐར་རྩིས་སོགས་རིག་གནས་སྤྱི་ལ་ཐོས་བསམ་གནང་སྟེ་བསྟན་ཆོས་མང་པོ་བརྩམས་གནང་ཡོད་སྟབས། ཁོང་ལ་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་ཟེར་དགོས་དོན་ཡང་དེ་རང་རེད། ཅེས་གསུངས།
གཞན་ཡང་རིན་པོ་ཆེ་མཆོག་གིས་སྔགས་ཀྱི་བགྲོ་གླེང་འདི་དེང་དུས་ཀྱི་མཁས་པའི་བགྲོ་གླེང་ཚད་ལྡན་ཞིག་ཆགས་རྒྱུའི་སྐོར་གསུངས་དོན། ང་ཚོས་ལས་ཀ་ག་རེ་བྱས་ཀྱང་ཡིན་གཅིག་མིན་གཅིག་ལས་ཀ་དེ་དེང་རབས་དང་མཐུན་མིན་ལྟ་དགོས་དོན་གང་ཡང་མེད། འོན་ཀྱང་ང་ཚོས་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་དང་ཉམས་ཞིབ་སྐོར་གྱི་ལེགས་ཆ་ལེན་དགོས། གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་གཙོས་རྒྱུད་གྲྭ་སྟོད་སྨད་གཉིས་རྒྱ་གར་ནང་ཆགས་ཏེ་སློབ་སྦྱོང་ཚད་མཐོ་པོ་ག་ཚོད་ཅིག་ཐོན་ཡོད་ཀྱང་། རྒྱ་གར་གྱི་གཙུག་ལག་སློབ་ཆེན་ཁག་ནས་ཐོན་པ་བཞིན་ཁྲིམས་ཐོག་གི་ལག་འཁྱེར་གང་ཡང་མེད། དེ་ང་ཚོའི་སློབ་སྦྱོང་གནས་ཚད་ཞན་པོ་ཡོད་པའི་རྐྱེན་གྱིས་མ་ཡིན་ཡང་། ང་ཚོས་ཡུལ་ཁྲིམས་དང་མ་མཐུན་པ་བྱས་པར་བརྟེན་ཏེ་བྱུང་བ་ཞིག་ཡིན་སྟབས། གཙུག་ལག་སློབ་གཉེར་ཁང་ཁག་དང་མཉམ་ལས་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་དེང་རབས་ཀྱི་སློབ་གསོའི་བར་བགྲོ་གླེང་བྱེད་ཐུབ་པ་བྱ་དགོས།
དེང་རབས་ཀྱི་བགྲོ་གླེང་བྱེད་སྟངས་ཀྱི་ལམ་སྲོལ་ལ་དབྱེ་བ་མང་པོ་ཡོད་ཀྱང་། རགས་པ་ཙམ་གྱིས་བསྡོམས་བརྒྱབ་ན། དབྱེ་བ་བདུན་དུ་ཕྱེ་ན་འགྲིག་གི་རེད་བསམ་གྱི་འདུག དང་པོ། (Seminar )ཟེར་བ་ནི་རྩོམ་བྲིས་པ་དག་ལ་བགྲོ་གླེང་དང་། གཉིས་པ། (synopsis)ཟེར་གྱི་ཡོད་པ་དེར་མི་གཅིག་གཉིས་ཀྱི་བརྗོད་གཞི་བྱེ་བྲག་པ་ཞིག་གི་ཐོག་རྩོད་གླེང་། ང་ཚོ་བོད་པའི་བགྲོ་གླེང་ནང་ད་ལྟ་བར་དུ་ཚིག་དེ་གཉིས་བེད་སྤྱོད་བཏང་བ་མཐོང་མ་སོང་། གསུམ་པ། (Coloquim) ཟེར་བ་དང་། དེ་ལ་བོད་སྐད་ནང་ག་རེ་ཟེར་གྱི་ཡོད་མེད་ངས་ཤེས་མ་སོང་། ཕལ་ཆེར་གཅིག་བྱས་ན་བེད་སྤྱོད་བཏང་མེད་པ་ཡིན་རྒྱུ་རེད། བཞི་པ། (panel discussion)ཟེར་གྱི་ཡོད་པ་རེད། དེ་རིམ་གྱིས་ཆེད་མཁས་སྡེ་ཚན་ཞིག་བཟོས་ཏེ་ལས་རིམ་སྒྲིག་པ་འདྲ་པོ་རེད། ལྔ་པ། (Workshop)ཟེར་བ་དང་། བོད་སྐད་ནང་ཟབ་སྦྱོང་ཕལ་ཆེར་འགྲིག་གི་མེད་འགྲོ་བསམ་གྱི་འདུག དེ་ནས་དྲུག་པ་དེ་(Debate)ཟེར་བ་དེ་རེད།
དེ་བོད་སྐད་ནང་ཕལ་ཆེར་རྩོད་པ་ཟེར་བ་དེ་རེད། བདུན་པ། (dialogue)ཟེར་བ་དང་། དེ་ལ་ད་ལྟ་བར་དུ་བོད་སྐད་ནང་གླེང་མོལ་ཞེས་ལབ་ཀྱི་འདུག ཏག་ཏག་ཡིན་མིན་མི་ཤེས་ཏེ་གང་ལྟར་གླེང་མོལ་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད་སྟབས། ད་རེས་(Seminar )བགྲོ་གླེང་ཚོགས་འདུ་འཚོགས་རྒྱུ་ཡིན་པར་བརྟེན། དགེ་འདུན་པ་ཚོས་རྟགས་གསལ་བཏང་བ་ལྟར་མིན་པར་བགྲོ་གླེང་ཐོག་བསམ་ཚུལ་སྤེལ་རེས་བྱེད་དགོས་པ་རེད། ཅེས་སོགས་གསུངས་རྗེས། བླ་མ་དབུ་མཛད་ཐུབ་བསྟན་འཛིན་རིན་པོ་མཆོག་གིས་ཐུགས་རྗེ་ཆེའི་གསུང་བཤད་གནང་ནས་ལྷན་ཚོགས་གྲོལ།