༢༠༡༤ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་ཧིན་དུའི་ཆོས་ལུགས་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་འདུག དེ་ཡང་ཐོག་མར་༸གོང་ས་མཆོག་དང་པར་སི་ Parsee མཆོད་དཔོན་སྐུ་ཞབས་ཧོ་མི་བྷི་ཌལ་ལ་མཆོག་ Dr Homi B Dhalla མཇལ་འཕྲད་མཛད་དེ་བཀའ་མོལ་ལྷུག་པོ་མཛད། དེ་ཡང་དབུ་ཁྲིད་རྣམ་གཉིས་དེ་སྔ་ཕྱི་ལོ་ ༡༩༨༦ ལོར་ཡེ་ཤུའི་བླ་ཆེན་པོབ་ཇོན་པོལ་གཉིས་པ་Pope John Paul IIམཆོག་གིས་གོ་སྒྲིག་གནང་བའི་ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་སུ་གྲོང་ཁྱེར་ཨ་སི་སིར་ (Assisi) ཞལ་འཛོམས་བྱུང་རྗེས་ཐེངས་འགའ་མཇལ་འཕྲད་མཛད་མྱོང་ཡོད་འདུག མཇལ་མོལ་གྲུབ་བསྟུན་༸གོང་ས་མཆོག་ཨ་ཤོ་ཀ་གསོལ་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་༸ཞབས་སོར་འཁོད་མཚམས་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་ཚོགས་མི་རྣམས་ནས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས། དེ་ནས་ཞུགས་གྲལ་དུ་༸ཞབས་སོར་འཁོད་རྗེས་༸གོང་ས་མཆོག་དང་ཨར་ཨེ་སི་ཨེ་སི་འགོ་འཛིན་སྐུ་ཞབས་མོ་ཧན་བྷ་ག་ཝ་ཏི་ Mohanrao Bhagwat ལགས། དེ་བཞིན་ཨ་ཤོཀ་སིང་གལ་ Ashok Singhalབཅས་ནས་སྣང་གསལ་ཞལ་ཕྱེ་མཛད།
དེ་རྗེས་སྐུ་མགྲོན་གཙོ་བོ་གསུམ་ལ་ཆེ་བསྟོད་ཞུ་སླད་ཕྱག་རྟགས་དང་རྒྱ་གར་སྲོལ་རྒྱུན་གྱི་རས་གོས་འབུལ་ལམ་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་ཟླ་ཕོ་མོ་རྣམ་པ། ངོས་རང་ཉིད་ཀྱང་ཁྱེད་ཚོ་དང་གཅིག་མཚུངས་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འདིར་རྒྱལ་སྤྱིའི་ཧིན་དུའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་སྐབས་མཉམ་ཞུགས་ཐུབ་པར་ཧ་ཅང་ཆེ་མཐོང་ཐོབ་པ་ཞིག་བྱུང་། འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་ལུས་སེམས་དང་མྱོང་ཚོར་གང་གི་ཆ་ནས་མིའི་འདུ་ཤེས་འཛིན་མཁན་ཡིན་པ་གཅིག་མཚུངས་ཤིག་ཆགས་ཡོད། ཡུལ་གྱི་རྒྱལ་པོ་དང་བཙུན་མོ། སྤྲང་པོ། གཞན་ཡང་ཆོས་ཀྱི་དབུ་ཁྲིད་སུ་ཡིན་རུང་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་རེད།
མཐར་ང་ཚོ་ཚང་མ་འཆི་རྒྱུ་ཡིན་པ་གཅིག་མཚུངས་རེད། གནས་སྟངས་གཅིག་མཚུངས་ཡིན་པ་དེ་ང་ཚོས་བརྗེད་ནས་ང་ཚོ་ཕན་ཚུན་དབར་མི་འདྲ་བའི་ཁྱད་པར་ཕལ་པའི་རིགས་ལ་ཞེན་ཆགས་བྱས་ནས་ང་ཚོ་དང་ཁོང་ཚོ། ཞེས་ཕན་ཚུན་དབྱེ་བ་འབྱེད་བཞིན་ཡོད། དེང་སྐབས་ང་ཚོར་དམག་འཁྲུག་དང་འཁྲུག་རྩོད་སོགས་དཀའ་ངལ་མང་དག་གཅིག་འཕྲད་བཞིན་པ་རྣམས་ནི་མིས་བཟོས་པའི་དཀའ་ངལ་ཤ་སྟགས་ཆགས་ཡོད། དཀའ་ངལ་དེ་དག་སེལ་ཐབས་སུ་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་བསམས་པའི་འདུ་ཤེས་འཛིན་ནས་དཀའ་ངལ་དེ་དག་སེལ་ཐབས་བྱེད་དགོས། ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད། གཞན་གྱིས་ང་ཚོར་བྱམས་སྐྱོང་བྱས་ན་དེར་རིན་ཐང་བརྩི་བཞིན་ཡོད་པ་ལྟར་གཞན་ལའང་བྱམས་བརྩེ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་སྐུ་མགྲོན་གཞན་རྣམ་གཉིས་ཀྱིས་གསུང་བཤད་གནང་བསྟུན་མཛད་སྒོ་གྲོལ།
.