༢༠༡༤ ཟླ་ ༡༡ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༡ ཉིན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༤ པའི་ཚབ་ཞུས་ཏེ་ ཨ་རིའི་རོགས་རམ་ཐེབས་རྩ་ཁང་ (USAID) ཞེས་པ་དང་། ཨ་རིའི་མི་སེར་ཉེན་སྲུང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་གཞོན་ལས་རོགས་དང་། བོད་དོན་དམིགས་བསལ་འབྲེལ་འཐུད་པ་ལྕམ་སྐུ་ས་རཱ་སི་ཝལ་ (Sarah Sewall) མཆོག་ལ་བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུའི་ལས་གཞིའི་ཆེད་རོགས་དངུལ་ཨ་སྒོར་ས་ཡ་ ༣་༢ གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད།
དེ་སྔ་ཡིན་ནའང་རྒྱ་གར་ནང་གི་ཨ་རིའི་ཐེབས་རྩ་ཁང་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་མིའི་མནར་གཅོད་མྱོང་མཁན་རྣམས་ལ་ལྟ་རྟོག་ཆེད་ཚན་པ་ཟུར་འཛུགས་ཡོད་པ། Tibetan Torture Survivors Program དེས་ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༡ ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༣༠ བར་གྱི་ལས་གཞིའི་ཆེད་རོགས་དངུལ་ཨ་སྒོར་ ༨༩༦,༢༨༣.༡༦ མཐུན་འགྱུར་གནང་མྱོང་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལ་རོགས་རམ་འདི་འདྲ་ཞིག་ཐོབ་པ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བརྗེའི་བཀྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ང་ཚོས་མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་ཤག་ནས་ཀྱང་འབད་བརྩོན་བསྟུད་མར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ལས་གཞིའི་དམིགས་ཡུལ་གཙོ་བོ་ནི་ལྷོ་ཨེ་ཤི་ཡའི་ནང་གནས་སྡོད་བོད་མི་ཚང་མར་གཅིག་མཚུངས་སུ་འཕྲོད་བསྟེན་གྱི་མཐུན་འགྱུར་རོགས་རམ་ཐོབ་པ་བྱ་རྒྱུ་དང་། ཨ་རིའི་རོགས་རམ་ཐེབས་རྩ་ཁང་ USAIDགིས་ཕྱི་ལོ་ ༢༠༣༥ ལོ་བར་བྱིས་པ་བཙས་སྐབས་མ་དང་བྱིས་པ་འཆི་རྐྱེན་འགོག་ཐབས་བྱ་རྒྱུ་དང་། ཕྱི་ལོ་ ༢༠༣༠ བར་ཊི་བྷི་ནད་པ་གཙང་སེལ་གྱི་སྤྱི་ཚོགས་ཤིག་སྐྲུན་རྒྱུའི་དམིགས་ཡུལ་དེ་དག་བསྒྲུབ་ཐབས་ཆེད་མཐུན་འགྱུར་རམ་འདེབས་ཞུ་རྒྱུ་དེ་ཡིན།
བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུའི་ལས་གཞི། ཞེས་པ་འདི་བརྒྱུད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཛ་དྲག་ཆེ་ཤོས་ཀྱི་ལས་གཞི་ཁག་དང་། ལྷག་པར་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་། འཕྲོད་བསྟེན་ལས་མིའི་ནུས་ཤུགས་རྒྱ་སྐྱེད། འཕྲོད་བསྟེན་གོ་རྟོགས་ལེགས་སྤེལ། ཊི་བྷི་སྔོན་འགོག་དང་གཅོས་ཐབས། དེ་བཞིན་མ་དང་བྱིས་པའི་འཕྲོད་བསྟེན་ལས་གཞི་སོགས་ལ་མཐུན་འགྱུར་རོགས་རམ་ཞུ་རྒྱུ་ཡིན། ངས་ཨ་རི་བོད་དོན་དམིགས་བསལ་འབྲེལ་འཐུད་ལས་ཁང་དང་། རྒྱ་གར་ནང་རྟེན་གཞི་བྱས་པའི་ཨ་རིའི་རོགས་རམ་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ཇོན་བྷི་ཌི་མཆོག་ John Beed བཅས་དང་། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་ཨ་རིའི་རོགས་རམ་ཐེབས་རྩ་ཁང་གི་འཕྲོད་བསྟེན་འགན་འཛིན་ལྕམ་སྐུ་ནན་སི་གྷོ་ཌོ་ཕ་རེ་ Nancy Godfrey མཆོག་བཅས་ལ་ཐུགས་རྗེ་ཞུས་པ་དང་སྦྲགས། རོགས་དངུལ་འདིས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཐོག་འཕྲད་བཞིན་པའི་དཀའ་ངལ་ཁག་གདོང་ལེན་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་ཡོང་ངེས་རེད། ཅེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུངས་པ་མ་ཟད།
མཐར་བཀའ་བློན་མཆོག་གིས་མཇུག་བསྡོམས་གནང་དོན། ངས་བྱང་ཨ་རི་སྐུ་ཚབ་དོན་གཅོད་དང་། ཨ་རི་བོད་ཀྱི་ཐེབས་རྩ། ལྷག་པར་སྐུ་ཞབས་བྷོབ་ཨེན་ཀར་སོན་ Bob Ankerson ལགས་དང་འདི་ག་འབྲེལ་ཡོད་འཕྲོད་བསྟེན་ལས་བྱེད་བཅས་ཀྱིས་ཕྱར་གྲུ་མཉམ་འདེགས་ཀྱི་རོགས་དངུལ་འདི་འདྲ་ཞིག་ཐོབ་ཐབས་ཆེད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།