ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༡ ནས་ ༡༤ བཅས་ཉིན་གྲངས་བཞིའི་རིང་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་ Uttarkhand མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་ནེ་ནི་ཏཱལ་ Nanital ཞེས་པར་སྟོན་ཀའི་དུས་སྟོན་ Shardotsav festivalདང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ནེ་ནི་ཏཱལ་ས་གནས་བོད་མིའི་མཐུན་འགྱུར་རོགས་རམ་འོག་ཁུལ་དེར་པར་རིགས་ཀྱི་ལམ་ནས་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་གནང་འདུག
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་རླབས་ཆེན་གྱི་མཛད་འགན་གཙོ་བོ་གསུམ་སྐོར་དང་འཕགས་བོད་འབྲེལ་ལམ། དེ་བཞིན་བོད་ནང་རང་ལུས་མེར་སྲེག་སྐོར་སོགས་དང་འབྲེལ་བའི་སྐོར་པར་རིགས་འགྲེམས་སྟོན་གནང་འདུག འགྲེམས་སྟོན་སྐབས་ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་ས་གནས་བོད་མི་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བས་དོ་སྣང་ཧ་ཅང་ཆེན་པོ་གནང་འདུག
ཐེངས་འདིར་ཕྱི་དྲིལ་འགྲེམས་སྟོན་ཚན་པས་པར་རིགས་འགྲེམས་སྟོན་གོ་སྒྲིག་གནང་དགོས་པའི་རྒྱུ་མཚན་ནི། སྐབས་བཅུ་བཞི་པའི་བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ལོ་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར་ལས་འགུལ་དེའི་ཆ་ཤས་ཤིག་ཡིན་འདུག དེ་ཡང་འགྲེམས་སྟོན་འདི་ཕྱི་ཚེས་ ༡༡ ཉིན་ཨུཏྟར་ཁཎྜ་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ས་རི་ཏ་ཨརྱཱ་ Ms. Sarita Arya མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་དྲུང་རྣམ་གཉིས་ནས་དབུ་འབྱེད་གནང་འདུག དེ་ཡང་ལྕམ་སྐུ་མཆོག་གིས་དབུ་འབྱེད་གནང་གྲུབ་བསྟུན་གསུང་བཤད་གནང་འདུག
སྐབས་དེར་ལྕམ་སྐུ་མཆོག་གིས་པར་རིགས་ལམ་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེར་བསྔགས་བརྗོད་གནང་བ་མ་ཟད། རྒྱ་གར་ཡུལ་མི་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ད་ལྟའི་བོད་ནང་གི་གནས་སྟངས་སྐོར་སོགས་ལ་པར་རིགས་ལམ་ནས་ངོ་སྤྲོད་གནང་བར་དམིགས་བསལ་བསྔགས་བརྗོད་གནང་བ་དང་སྦྲགས། འབྱུང་འགྱུར་ཡང་མངའ་སྡེའི་ས་ཁུལ་གཞན་དུའང་དེ་རིགས་ལས་འགུལ་སྤེལ་ཐུབ་ཐབས་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་འདུག
ཐེངས་འདིའི་པར་རིགས་འགྲེམས་སྟོན་གྱི་གནས་ཚུལ་རྣམས་རྒྱ་གར་གསར་ཤོག་ཨ་མར་ཨུ་ཇཱ་ལ་ Amar Ujala དང་དེ་ནིཀ་ཇཱག་རན་ Dianik Jagran རཱཤྟྲི་ཡ་ས་ཧཱ་ར། Rashtriya Sahra ཧིན་དུ་སི་ཐཱན་ Hindustan སོགས་ནང་དྲིལ་བསྒྲགས་རྒྱ་ཆེ་བྱུང་འདུག གཞན་ཡང་འགྲེམས་སྟོན་གྱི་ཉིན་མཐའ་མའི་སྐབས་ས་གནས་བོད་མི་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུ་གྱི་གཞས་སྣ་འཁྲབ་སྟོན་དང་དམིགས་བསལ་སེང་གེ་འཁྲབ་སྟོན་གནང་། སྤྱིར་ཁུལ་དེར་ལོ་ལྟར་ཕྱི་ཟླ་ ༡༠།༡༡ ནང་སྟོན་ཀའི་དུས་སྟོན་སྲུང་བརྩི་ཞུ་སྲོལ་ཡོད་འདུག