༢༠༡༤ ཟླ་ ༡༡ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་སྨན་རྩིས་ཁང་ཐུན་མོང་གིས་གོ་སྒྲིག་ཐོག་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་འཛམ་གླིང་གཅིན་སྙི་ཟ་ཁུའི་ཉིན་མོ་སྲུང་བརྩི་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེ་སྨན་རམས་པ་མཁྱེན་རབ་རྒྱ་མཚོ་ལགས། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་ལྷུན་གྲུབ་ལགས། སྨན་རྩིས་ཁང་གི་ལས་སློབ། ཕྱི་མི་དོན་གཉེར་ཅན་བཅས་ཚང་འཛོམས་ཐོག་བོད་ཀྱི་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་ཀྱིས་གཅིན་སྙི་ཟ་ཁུའི་ཉིན་མོ་ངོ་སྤྲོད་ཀྱི་གསུང་བཤད་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་རྗེས་བོད་ཀྱི་སྨན་རྩིས་མཐོ་སློབ་ཀྱི་སྨན་དགེ་སྨན་རམས་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་གཅིན་སྙིའི་ནད་ལ་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་དང་། གཅིན་སྙིའི་ནད་ཀྱི་ནད་རྟགས། ཅི་ཞིག་ལ་གཅིན་སྙིའི་ནད་ཅེས་བརྗོད་པ། གཅིན་སྙིའི་ནད་གཞི་བཅོས་ཐབས། ཁ་ཟས་ཚད་གཞི་ལྟར་བསྟེན་ཐབས་གལ་གནད་ཆེ་བ་གཅིན་སྙིའི་ནད་ཀྱི་སྔོན་འགོག་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་།
དེ་ནས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་གཅིན་སྙི་ཟ་ཁུའི་ནད་གཞིའི་སྐོར་དང་། གཅིན་སྙི་ཟ་ཁུའི་ནད་གཞི་ཇི་ལྟར་ན་བ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་གྲུབ་མཚམས་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་མཁན་རྣམ་པ་གཉིས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་མཇལ་དར་དང་ཕྱག་རྟགས་ཕུལ་ཡོད་པ་བཅས། །