༢༠༡༤ ཟླ་ ༡༡ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་ཉིན་གཉིས་པ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞོགས་པ་ཆུ་ཚོད་ ༨།༠༠ པར་ཕོ་བྲང་ནས་ཆིབས་སྒྱུར་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་དེ་དབུ་མ་རྩ་བ་ཤེས་རབ་ཀྱི་མཇུག་ཏུ་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་བསྟོད་ཕྱག་མཛད་པའི་ཚིགས་བཅད། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་གསུང་འདོན་གནང་སྟེ་ལྷོ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་གཙོས་པའི་དད་ལྡན་སེར་སྐྱ་མི་མང་ལ་ཉིན་གཉིས་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་ཀྱི་གནང་སྒོ་མུ་མཐུད་སྩལ་ཡོད།
དེ་ཡང་༸གོང་ས་མཆོག་གིས་བསྟོད་ཕྱག་ཚིགས་བཅད་དང་འབྲེལ་ནས་བཀའ་སློབ་སྩལ་དོན། གང་གིས་ཐུགས་བརྩེས་ཉེར་བཟུང་ནས་ཞེས་ཐུགས་རྗེ་ཆེན་པོས་གཞན་དབང་དུ་གྱུར་བའི་སྟོན་པ་བཅོམ་ལྡན་འདས་ཀྱིས་བདག་ལས་གཞན་གཅེས་ཀྱི་བྱང་སེམས་ཀྱིས་ཀུན་ནས་བསླངས་ཏེ་གྲངས་མེད་གསུམ་གྱི་ཚོགས་བསགས་ཡོད། དེ་ཡང་ཚོགས་སྦྱོར་གྱི་གནས་སྐབས་ལ་གྲངས་མེད་དང་པོའི་ཚོགས་བསགས། མ་དག་ས་བདུན་གྱི་གནས་སྐབས་ལ་གྲངས་མེད་གཉིས་པའི་ཚོགས་བསགས། དག་པ་ས་གསུམ་གྱི་གནས་སྐབས་ལ་གྲངས་མེད་གསུམ་པའི་ཚོགས་བསགས་ནས་ཐབས་དང་ཤེས་རབ་ཀྱི་ལམ་ལ་སྙིང་སྟོབས་ཕུལ་དུ་ཕྱིན་པའི་ཐོག་ནས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། སངས་རྒྱས་ནས་ཀྱང་། གང་གི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་པའི་གདུལ་བྱ་སེམས་ཅན་གྱི་དོན་མཛད་ཅིང་། གསང་གསུམ་རོ་གཅིག་པའི་འཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་སྒྲུབ་པའི་དམིགས་ཡུལ་ནི་གཞན་དོན་དུ་དགོངས་ནས་རེད། དེར་བརྟེན་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བའི་སྒོ་ནས་ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།། ཞེས་གསུངས།
ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།། ཞེས་བརྗོད་དགོས་དོན་ནི་ང་ཚོའི་འཕྲལ་གྱི་སྡུག་བསྔལ་སྐྱེས་པ་དེའང་ཕྱིན་ཅི་ལོག་གི་རྟོག་པ་ལ་བརྟེན་ནས་ཡོང་གི་ཡོད། དེ་བཞིན་འགྱུར་བའི་སྡུག་བསྔལ་དང་། ལས་ཉོན་གྱིས་འཕངས་པའི་ཉེར་ལེན་གྱི་ཕུང་པོ་འདི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ཞིང་། འདིས་སྡུག་བསྔལ་ཐམས་ཅན་གྱི་རྟེན་བྱེད་ཀྱི་ཡོད་པས་དེ་ལས་ཐར་དགོས་ཤིང་། དེ་ལས་ཐར་བ་ལ་དེ་འགྲུབ་བྱེད་ཀྱི་རྒྱུ་ཟད་པའི་སྒོ་ནས་ཉེར་ལེན་གྱི་ཕུང་པོའི་འཁུར་དང་བྲལ་དགོས་པ་ལས་ཐབས་གཞན་མེད། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པ་ལྟར་རེད།
གདུལ་བྱ་ལ་དོན་ཇི་ལྟར་མཛད་དགོས་ཞེས་ཟེར་ན། ཆོ་འཕྲུལ་རྣམ་པ་གསུམ་སྟེ་ཐུགས་རྣམ་ཀུན་མཇལ་བའི་ཆོ་འཕྲུལ། གསུང་རྗེས་དྲན་གྱི་ཆོ་འཕྲུལ། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་ཆོ་འཕྲུལ་གསུམ་བཤད་ཀྱི་ཡོད། སྐུ་ཡི་རྫུ་འཕྲུལ་གྱི་སྟེང་ནས་འཕྲལ་སེལ་གཞན་དོན་མཛད་རྒྱུ་ཡོད་སྲིད། རྣམ་མཁྱེན་གྱི་ས་ལ་འགོད་པར་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཐོག་ནས་ཡོང་ཐབས་མེད། ཐུགས་རྣམ་ཀུན་མཇལ་བའི་ཆོ་འཕྲུལ་གྱི་བྱིན་རླབས་ནས་ཀྱང་ཡོང་ཐབས་མེད། འོ་ན། བཅོམ་ལྡན་འདས་རང་ཉིད་ཀྱིས་མངོན་དུ་མཛད་པའི་གོ་འཕང་དེ་ཐབས་ཇི་ལྟ་བུ་ཞིག་གིས་ཐོབ་དགོས་པ་རེད་ཅེས་ཟེར་ན། བཅོམ་ལྡན་འདས་རང་ཉིད་གྲངས་མེད་གསུམ་གྱི་རིང་ལ་ཚོགས་བསགས། སྒྲིབ་པ་སྦྱངས་ཏེ་ཐབས་དང་ཤེས་རབ་ཀྱི་ལམ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པས་བཅོམ་ལྡན་འདས་རང་ཉིད་ཀྱི་ཉམས་མྱོང་སྟེང་ནས་གདུལ་བྱ་ལ་གསུང་རྗེས་དྲན་གྱི་ཆོ་འཕྲུལ་ལ་བརྟེན་ནས་རྣམ་མཁྱེན་གྱི་ས་ལ་འཁྲིད་པར་མཛད་རྒྱུ་འདི་ཁོ་ན་ལས་ཐབས་གཞན་མེད། དེར་བརྟེན་གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །ཞེས་གསུངས།
འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་ཡིན་པས་ཉོན་མོངས་ལ་ལྟ་མིན་གྱི་ཉོན་མོངས་དང་། ཤེས་རབ་ཉོན་མོངས་ཅན་གཉིས་ཡོད། ལྟ་མིན་གྱི་ཉོན་མོངས་པའི་རྩ་བ་ནི་ཤེས་རབ་ཉོན་མོངས་ཅན་ཞེས་འཇིག་ལྟ་སོགས་ལ་ཐུག་ཡོད། མཐར་གཏུགས་ན། ལས་དང་ཉོན་མོངས་ཟད་པས་ཐར།། ལས་དང་ཉོན་མོངས་རྣམ་རྟོག་ལས།། དེ་དག་སྤྲོས་ལས་སྤྲོས་པ་ནི།། སྟོང་པ་ཉིད་ཀྱིས་འགག་པར་འགྱུར།། ཞེས་གསུངས་པ་ལྟར་བདེན་འཛིན་གྱིས་སྤྲོས་པས་རྩ་བ་བྱེད་ཀྱི་ཡོད། དེར་བརྟེན་ཡུལ་གྱི་གནས་ལུགས་ཕྱིན་ཅི་ལོག་པའི་ཤེས་རབ་ཉོན་མོངས་ཅན་ཟད་པ་ལ་ཡུལ་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་ལ་བརྟེན་ནས་དཔྱད་ཅིང་བསམ་པ་དང་། གོམས་འདྲིས་བརྟེན་པ་བཅས་ཀྱིས་ཕྱིན་ཅི་ལོག་པའི་ལྟ་བ་ཟད་དགོས་མ་གཏོགས། ཕྱག་འབུམ་དང་ས་ཡ་འཚལ་ཡང་དེ་ཙམ་གྱིས་ཕྱིན་ཅི་ལོག་པའི་ལྟ་བ་ཟད་རྒྱུ་ཁག་པོ་རེད། ཤེས་རབ་སྐྱེས་པའི་ཆེད་དུ་ཚོགས་བསགས་སྒྲིབ་སྦྱོང་དུ་ཕྱག་འཚལ་བ་ནི་ཕན་ཐོགས་ཡོད་པ་དང་གལ་ཆེན་པོ་རེད།
ཤེས་རབ་ཉོན་མོངས་ཅན་ཟད་པ་ལ་སྙིང་རྗེ་སྒོམ་ནས་ཀྱང་མི་ཕན། བྱང་ཆུབ་ཀྱི་སེམས་སྒོམ་ནས་ཀྱང་ཕན་གྱི་མེད། སྟོང་ཉིད་རྟོགས་པའི་ཤེས་རབ་ཉག་གཅིག་གིས་ཕྱིན་ཅི་ལོག་གི་རྟོག་པ་བདེན་འཛིན་མ་རིག་པ་ལ་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་སུ་འགལ་བའི་སྒོ་ནས་གནོད་ཡོང་གི་ཡོད། བཅོམ་ལྡན་འདས་ཀྱིས་གདུལ་བྱ་ལ་བརྩེ་བའི་སྒོ་ནས་སྡུག་བསྔལ་གྱི་རྩ་བ་ཕྱིན་ཅི་ལོག་གི་ལྟ་བ་དང་། ལྷག་པར་དུ་གཏི་མུག་བདེན་འཛིན་འཇོམས་པའི་ཆེད་དུ་ཆོས་གསུངས་པ་ཡིན་པས་སྟོང་ཉིད་ཀྱི་ལྟ་བ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཤེར་ཕྱིན་གྱི་མདོ་ལ་དངོས་བསྟན་སྟོང་ཉིད་ཅེས་མིང་ཙམ་བཏགས་ཙམ་ཞེས་དང་། མེད་མེད་ཅེས་གསུངས་བཞིན་པ་འདི་ལ་ཐུག་ཡོད། དེར་བརྟེན་དམ་པའི་ཆོས་སྟོན་པར་མཛད་པ་ཞེས་པའི་སྟོན་པ་ནི། ཉི་མའི་འོད་ཟེར་དག་གིས་པདྨོ་ཁ་འབྱེད་ལྟར།། གསུང་གི་འོད་ཟེར་དག་གིས་འཇིག་རྟེན་གསལ་བར་མཛད།། སྟོན་པ་ཤཱཀྱ་ཐུབ་པ་སྒྲོན་མེ་ཐུགས་རྗེ་ཅན།། མྱ་ངན་འདའ་མཛད་གང་ཡིན་དེ་ལ་ཕྱག་འཚལ་ལོ།། ཞེས་གསུངས་པ་ལྟར་རེད། ཅེས་སོགས་ཀྱི་བཀའ་ཆོས་སྩལ།
ཉིན་གཉིས་པའི་གསུང་ཆོས་སྐབས་དབུ་མ་རིན་ཆེན་ཕྲེང་བའི་ཤོ་ལོ་ཀ་ ༢༥ པ་ནས་ཤོ་ལོ་ཀ་ ༧༧ བར་བཤད་ཁྲིད་སྩལ་བའི་ནང་གཙོ་བོ་རྟེན་འབྲེལ་ཕྲ་རགས་ཀྱི་རྣམ་གཞག་ལས་བརྩམས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུན་མོང་མ་ཡིན་པའི་རྟེན་འབྱུང་གི་ལྟ་བའི་སྐོར་ལ་བཀའ་སྩལ་བ་དང་། དེ་བཞིན་ཕྱི་ནང་གི་གྲུབ་མཐའི་ལྟ་གྲུབ་ཀྱི་ཁྱད་པར་དང། དབུ་མ་རིན་ཆེན་ཕྲེང་བའི་ནང་མགོན་པོ་ཀླུ་སྒྲུབ་ཀྱིས་གྲུབ་མཐའ་མང་པོའི་འདོད་ཚུལ་ལ་ནང་འགལ་བསྟན་པ་དང་། མུ་སྟེགས་པའི་ལྟ་བ་རིགས་པའི་ལམ་ནས་བཀག་ཏེ་བཅོམ་ལྡན་འདས་ཀྱི་གསུང་གི་ཁྱད་ཆོས་འབུར་དུ་ཐོན་པ་ལ་བཤད་པ་མཛད་ཡོད་པ་དང་། ནང་པའི་ཆོས་ཀྱི་སྤྱིའི་འགྲོ་སྟངས་ཤེས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར། སོགས་ཀྱི་བཀའ་སློབ་དང་ཆོས་འབྲེལ་འཕྲོ་སྐྱོང་ནས་མུ་མཐུད་དབུ་འཛུགས་མཛད་འདུག