༢༠༡༤ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཟླ་ ༡༠ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་མོན་རྟ་དབང་གྲོང་སྡེའི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་ཤིག་ཚོགས་ཡོད། དེ་ཡང་ས་གནས་ཀྱི་འཛོམས་ཁང་ཟེར་བའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་འབུམ་རམས་པ་སྐུ་ཞབས་ཨེན་ཀེ་ཏྲི་ཀ་ Dr. N.K. Trikha མཆོག་དང་། དེ་སྔོན་རྒྱ་གར་གྲོས་ཚོགས་འོག་མའི་ནང་ཨ་རུ་ནཱ་ཅལ་མངའ་སྡེའི་སྐུ་ཚབ་འཐུས་མི་ཡིན་པ་སྐུ་ཞབས་ཨར་ཀེ་ཁི་རི་མེ་ RK Khrimey མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སོགས་ལྷན་ཞུགས་གནང་འདུག དེ་ཡང་སྐབས་དེར་སྐུ་ཞབས་ཨར་ཀེ་ཁི་རི་མེ་མཆོག་གིས་ས་གནས་ཡུལ་མི་རྣམས་ཀྱི་རྡོག་རྩ་ཆིག་སྒྲིལ་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་དང་སྦྲགས་གསུང་དོན། བོད་དོན་ནམ་གླེང་སྐབས་ས་གནས་ཡུལ་མི་ཚོ་ལམ་སེང་སེམས་ནང་དངངས་འཚབ་དང་བཅས་འགྲོག་བཞིན་འདུག དེ་ལྟར་བྱེད་དགོས་དོན་ནི་རྒྱ་ནག་དང་ས་མཚམས་འཁེལ་བར་བརྟེན་འཁྲུག་རྩོད་ཤོར་རྒྱུ་རེད་བསམ་པ་ལས་ཡོང་བཞིན་ཡོད། དེང་སྐབས་རྒྱལ་ཁབ་ཕན་ཚུན་དམག་རྒྱག་རྒྱུ་ཟེར་བ་དེ་ལས་སླ་པོ་ཞིག་གཏན་ནས་མིན། གང་ཡིན་བརྗོད་ན་དེ་སྔ་ཕྱི་ལོ་ ༡༩༦༢ ལོ་དང་མི་འདྲ་བར་དེང་སྐབས་རྒྱལ་ཁབ་ཚང་མ་སྟོབས་ཤུགས་ཞེ་དྲག་ཆེ་རུ་ཕྱིན་ཡོད།
དེར་བརྟེན་ཕྱི་ལོ་ ༡༩༦༢ ལོ་དང་ད་ལྟ་ཕྱི་ལོ་ ༢༠༡༤ ལོའི་སྐབས་ཀྱི་གནས་སྟངས་གཉིས་པོ་ཕྱོགས་ཡོངས་ནས་མི་འདྲ་བའི་གནས་སྟངས་ཆགས་ཡོད། ཅེས་གསུངས་པ་དང་སྦྲགས། རྒྱ་གར་ནང་བལ་ཡུལ་དང་བྷང་ལ་དེ་ཤི། འབྲུག་སོགས་ཀྱི་སྐྱབས་བཅོལ་བ་དང་བོད་མི་སྐྱབས་བཅོལ་བའི་དབར་མཚུངས་བསྡུར་བྱས་ནས་གསུང་དོན། བོད་མི་སྐྱབས་བཅོལ་བ་ཚོ་ནི་རྒྱ་གར་གྱི་དམིགས་བསལ་སྐུ་མགྲོན་ཡིན། དེར་བརྟེན་ང་ཚོས་ཐོག་མ་ནས་ཇི་ནི་ཝ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནང་ཐག་གཅོད་གནང་བའི་འབྲུ་དོན་ Geneva convention ལྟར་བོད་མི་སྐྱབས་བཅོལ་བ་ཚོའི་སྲུང་སྐྱོབ་དང་ཐོབ་ཐང་ལ་ང་ཚོས་འགན་ལེན་ཆ་ཚང་ཞུ་རྒྱུའི་ཁས་ལེན་བྱས་ཡོད། ཅེས་གསུངས། ཕྱོགས་མཚུངས་ལྷན་ཚོགས་སྐབས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་འབུམ་རམས་པ་སྐུ་ཞབས་ཨེན་ཀེ་ཏྲི་ཀ་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི་སྐྱབས་བཅོལ་བ་རྣམས་ཆེ་མཐོང་དང་གཟི་བརྗིད་ངང་ནས་བོད་རང་བཙན་གྱི་རྒྱལ་ཁབ་ཏུ་མགྱོགས་མྱུར་༸ཞབས་སོར་འཁོད་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད་སྐོར་གསུང་དོན།
སྤྱིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་དོན་དམ་གྱི་རང་སྐྱོང་རྩོད་ལེན་མཛད་ཡོད་ཀྱང་། ང་ཚོས་བོད་རང་བཙན་གཙང་མ་དགོས། ཞེས་རེ་འདུན་འདོན་བཞིན་ཡོད། ཅེས་གསུངས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྷཱ་རཏ་རཏྣཱ་འམ་རྒྱ་གར་གྱི་རིན་པོ་ཆེ། ཞེས་པའི་གཟེངས་རྟགས་མཐོ་ཤོས་དེ་རྒྱ་གར་གཞུང་གིས་འབུལ་ལམ་ཞུ་དགོས་པའི་རེ་འདུན་ཡང་བཏོན་ནས་གསུང་དོན། ང་ཚོས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་ལྕམ་སྐུ་སུཤྨཱ་སྭརཱཇ་Sushma Swaraj མཆོག་ལ་སྙན་ཞུ་ཞིག་ཕུལ་ཡོད། སྙན་ཞུ་དེའི་ནང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ༌མ་མཆོག་ལ་རྒྱ་གར་གྱི་རིན་པོ་ཆེ། ཞེས་པའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པ་དང་། གལ་ཏེ་ཁྲིམས་ཀྱི་ལམ་སྲོལ་འོག་དེ་ལྟར་འབུལ་ལམ་ཞུ་ཐུབ་ཐབས་མེད་ཚེ་མགོན་པོ་གང་ཉིད་མཆོག་ལ་གྷན་དྷིའི་ཞི་བའི་གཟེངས་རྟགས་འབུལ་ལམ་ཞུ་དགོས། ཞེས་འཁོད་ཡོད།
ཐེངས་འདིར་ང་ཚོའི་འབོད་སྐུལ་གྱི་སྙན་ཞུ་དེར་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད། ཅེས་གསུངས། གཞན་ཡང་ལྷན་ཚོགས་སྐབས་དིལླི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་དང་དིལླི་ཁྲིམས་ཁང་མཐོ་བའི་ཁྲིམས་རྩོད་པ་སྐུ་ཞབས་ཇེ་པི་ཤརྨ་་ Advocate JP Sharma ལགས་མཉམ་ཞུགས་གནང་བ་མ་ཟད།
བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་ཀྱང་གནང་འདུག ལྷན་ཚོགས་ནང་མཉམ་ཞུགས་གནང་བའི་གནད་ཡོད་མི་སྣ་རྣམས་ཀྱིས་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་གནང་འདུག