ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་མགོན་པོ་གང་ཉིད་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་ཀོ་རི་ཡའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་ཀོ་རི་ཡ་ཆོས་ཞུ་བ་གྲངས་ ༦༠༠ དང་། རྒྱ་གར་གྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་ ༥༧ ནས་བཅར་བའི་ཆོས་ཞུ་བ་གྲངས་ ༡༤༠༠ དེ་བཞིན་རང་རིགས་བཅས་ཁྱོན་མི་གྲངས་ ༤༦༠༠ བརྒལ་བ་རྣམས་ལ་འཚམས་འདྲི་དང་ལྷན་བཀའ་སློབ་ཕེབས་དོན། ད་རེས་ཤེས་རབ་སྙིང་པོ་བསྟེན་མཁན་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྗེས་སུ་འབྲང་མཁན་གྱི་ཆོས་བརྒྱུད་རྒྱ་ནག་དང་། ཀོ་རི་ཡ། ཝེཏ་ནམ། ཉི་ཧོང་། བོད། སོག་པོ་དེ་དག་གིས་ཤེར་ཕྱིན་གྱི་གཞུང་རྗེས་སུ་འབྲང་སྟེ་ཤེས་རབ་སྙིང་པོ་འདོན་མཁན་ཚང་མས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞུ་བའི་སྐབས་སུ་ཕལ་ཆེར་སྟོན་པ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་རེད་ལ་ངོས་འཛིན་བྱེད་ཆོག་པ་ཞིག་རེད།
ཁོང་གིས་མཛད་པའི་གཞུང་མདོ་ཀུན་ཏུ་འདུས་པ། ཀླུ་སྒྲུབ་རང་གིས་རང་རྩོམ་ཞུས་ན་མི་འདུག་དབུ་མ་རིགས་ཚོགས་དྲུག དབུ་མ་རྩ་བ་ཤེས་རབ་ནི་གཙོ་བོ་རེད། བདག་མེད་པའི་ལྟ་བ་དེ་དགྲ་བཅོམ་པའི་གོ་འཕང་དམན་པའི་དགྲ་བཅོམ་པའི་གོ་འཕང་བརྗོད་ཆོག་གི་རེད། ཐེག་ཆེན་གྱི་དགྲ་བཅོམ་པའི་གོ་འཕང་ལ་ལྟོས་ན་དམན་པའི་དགྲ་བཅོམ་པའི་གོ་འཕང་བརྗོད་ཆོག་གི་རེད། དམན་པའི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ལ་ཡང་སྟོང་པ་ཉིད་ཀྱི་དོན་ཤེས་པའི་བདག་དབང་དེ་ངེས་པར་དུ་དགོས་པ་སྒྲུབ་རྒྱུ་དེ་གཙོ་བོ་རེད།
དབུ་མ་རིན་ཆེན་ཕྲེང་བ་འདི་སྤྱིར་རྒྱལ་པོར་འདམས་ཏེ་་ཆབ་སྲིད་སྐྱོང་སྟངས་སོགས་ལ་རོགས་པ་བྱས་པ་རེད། གང་ལྟར་གཙོ་བོ་དབུ་མ་རིགས་ཚོགས་དྲུག་ཟེར་རྒྱུ་དེ་ངེས་ལེགས་སྒྲུབ་ཆེད་ཀྱི་ཐབས་གསུངས་པའི་སྐབས་སུ་སྟོང་ཉིད་ཀྱི་ལྟ་བ་ཞིབ་ཚགས་པོ་བྱས་ནས་གསུངས་མཁན་གྱི་གནད་ཆེན་པོ་ཞིག་ཆགས་ཡོད། དེའི་ཐོག་མཇུག་ཏུ་བདག་གཞན་གཉིས་བརྗེས་ཀྱི་བྱང་ཆུབ་ཀྱི་སེམས་སྐོར་གསུངས་ཡོད། གཞུང་འདི་ཟབ་ཅིང་རྒྱ་ཆེ་བ། གནད་ཚང་མ་ཚང་བའི་གཞུང་ཁྱད་དུ་འཕགས་པ་ཞིག་རེད།
དབུ་མ་རིན་ཆེན་ཕྲེང་བའི་བཤད་ལུང་ཁྲིད་རོགས་ཞེས་ཁྱེད་རང་ཚོས་རེ་འདུན་བཏོན་པ་བཞིན་འདོན་རྒྱུ་ཡིན། ངོས་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་བཤད་ལུང་རྒྱུན་ཞུ་ས་དེ་སེར་ཀོང་མཚན་ཞབས་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། སེར་ཀོང་མཚན་ཞབས་རིན་པོ་ཆེས་གསན་ས་དེ་མཚོ་སྣ་དགོན་རྩེ་སྐུ་གོང་མ་བླ་མ་ཡག་པོ་ཞིག་ཡོད། ཡོངས་འཛིན་རྣམ་གཉིས་དང་ཁོང་ཚོ་འཛིན་གྲྭ་གཅིག་པ་རེད། ཕྱག་དཔེ་ཡག་པོ་ཡོད་པ། ཁོང་གི་སར་ནས་གསན་འདུག དེའི་གོང་གི་ཡར་ཞིབ་ཚགས་པོ་མི་ཤེས། དེ་ལྟར་རེད། བོད་སྐད་ནང་ཆོས་དང་ལེགས་སྦྱར་གྱི་སྐད་ནང་རྷརྨ་བརྗོད་རྒྱུ་དེར་སྒྲ་ཡངས་དོག་གཉིས་ཡོད། དོག་པའི་དབང་དུ་བྱས་ན། ཕལ་ཆེར་རྒྱུ་འབྲས་རྣམ་གཞག་ཁས་ལེན་པའི་ཐོག་ནས་འབྲས་བུ་སྡུག་བསྔལ་ལས་སྐྱོབས་པའི་ཆེད་སྡུག་བསྔལ་གྱི་རྒྱུ་ལས་ཡིད་དེ་སྡུག་བསྔལ་ཡོང་རྒྱུའི་རྒྱུ་དེ་ལས་སྐྱོབས་པའི་ཕྱིར་བློ་མ་དུལ་བ་དེའི་སྡུག་བསྔལ་ཡོང་གི་ཡོད་པར་བརྟེན། བློ་མ་དུལ་བ་དེ་དུལ་བར་སྐྱེ་བའི་སྒོ་ནས་བློ་མ་དུལ་བ་དེ་སེལ་ནས་བློ་མ་དུལ་བའི་དབང་གི་བྱུང་བའི་འབྲས་བུ་སྡུག་བསྔལ་ལས་སྐྱོབས་པར་བྱེད་རྒྱུ་དེ་ལྟར་ཤོད་ཆོག་གི་མེད་དམ། དེ་ལྟར་བཤད་པ་ཡིན་ན། མུ་སྟེགས་པའི་ཆོས་ལུགས་སྐྱེ་བ་སྔ་ཕྱི་འདོད་མཁན་དང་། རྒྱུ་དང་འབྲས་བུའི་འགྲོ་སྟངས་གསུངས་པ་དེ་དག་ལ་ཕལ་ཆེར་སྤྱི་ཡོངས་ལ་ཁྱབ་ཐུབ་པའི་བཟོ་འདྲ་བོ་རེད།
སྒྲ་ཡངས་པའི་ཐོག་ནས་བཤད་པ་ཡིན་ན། དེང་སྐབས་འཛམ་གླིང་ནང་ (Religion) བརྗོད་རྒྱུ་དེ་དད་པའི་རྗེས་སུ་འབྲང་མཁན་ཆོས་བརྒྱུད་མང་པོ་ཞིག་ཡོད་པ་དེ་དག་ལ་ཆོས་ཞེས་བརྗོད་ཆོག་གི་རེད། དེ་ལྟར་ཆོས་ཞེས་པ་དེའི་དགོས་པ་གང་ཡོད་དམ། རིགས་ཁ་ཤས་ཀྱི་བསམ་བློའི་ནང་རིས་སུ་མ་ཆད་པའི་ཆོས་བརྒྱུད་དེ་དག་དཔེར་ན། མུ་སྟེགས་གྲངས་ཅན་པ་ལྟ་བུ་མཚོན་ན་ལོ་ངོ་སྟོང་ཕྲག་གསུམ་ལྷག་ཙམ་ཕྱིན་ཡོད། དེ་བཞིན་ (Egyptian civilization) དང་ (Chinese civilization) དེ་ཚོ་ཧ་ལམ་ལོ་བཞི་སྟོང་ལྔ་སྟོང་ཙམ་ཕྱིན་ཡོད་པ་ཤོད་ཀྱི་འདུག དེ་ཚོའི་ནང་དད་པའི་རིགས་ཕྲན་བུ་ཡོད་ངེས་འདུག ངོས་ཀྱིས་ཞིབ་ཕྲ་ཤེས་ཀྱི་མེད། གང་ལྟར་མིའི་ལོ་རྒྱུས་ནི་སྔ་མོ་ནས་ཡོད་པ་ཞིག་རེད།
དེང་སང་ང་ཚོ་དུས་རབས་ ༢༡ ནང་བསླེབས་ཡོད། དུས་རབས་ ༢༡ པ་འདིར་དེ་དག་དགོས་མཁོ་དང་འབྲེལ་བ་ཡོད་མེད་ཀྱི་དྲི་བ་འདི་གཅིག་སླེབས་དགོས་པ་ཞིག་རེད་འདུག འདས་པའི་དུས་རབས་བཅོ་བརྒྱད་བཅུ་དགུ་ཉི་ཤུའི་ནང་ཚན་རིག་དང་འཁྲུལ་ཆས་རིགས་ཐོག་མ་དར་ནས་རིམ་པས་ཡར་རྒྱས་ཕྱིན་ཡོད། དུས་རབས་ ༢༡ ནང་འཁྲུལ་ཆས་རིགས་ཡར་རྒྱས་ཧ་ལས་པ་ཕྱིན་ཡོད། དེ་དང་འབྲེལ་བའི་ཐོག་ནས་དངོས་པོའི་ཡར་རྒྱས་ཧ་ལས་པ་ཕྱིན་ཡོད། ཁྱེད་རང་ཚོ་ཀོ་རི་ཡ་ལྷོ་མར་ཆ་བཞག་ན། དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་པར་བརྟེན། དངོས་པོ་ཡར་རྒྱས་དེ་མིའི་ལུས་པོར་བདེ་སྐྱིད་བསྐྲུན་རྒྱུའི་ཆ་རྐྱེན་ཧ་ཅང་ཡག་པོ་ཆགས་ཡོད། ལུས་པོའི་སྒོ་ལྔའི་ཤེས་པ་གཟུགས་སྒྲ་དྲི་རོ་རེག་ཆ་དེ་དག་གི་ཆ་རྐྱེན་ཡག་པོ་ཆགས་ཏེ་བདེ་སྐྱིད་གང་ཙམ་ཡག་པོ་ཡོང་བཞིན་ཡོད། དེས་སེམས་ལ་དངོས་ཡོད་ཀྱི་བདེ་སྐྱིད་བྱུང་གི་ཡོད་དམ་མེད། དངོས་པོ་ཡར་རྒྱས་ཆེན་པོ་ཡོད་པའི་ཁོངས་ཀྱི་མི་འབྱོར་ལྡན་ནུས་པ་དང་ཤེས་ཡོན་ཡོད་ཀྱང་སེམས་མ་སྐྱིད་པ་བྱེད་མཁན་མང་པོ་མཐོང་རྒྱུ་ཡོད། ཁྱེད་རང་ཚོ་ཀོ་རི་ཡའི་ནང་ཆ་བཞག་ན་འབྱོར་ལྡན་མཐུན་རྐྱེན་ཧ་ཅང་འཛོམས་པོ་ཡོད་པ་དེ་ཚོ་སེམས་མ་སྐྱིད་པ་ཡོད་མཁན་དེ་འདྲ་མཐོང་བྱུང་ངམ། ཀོ་རི་ཡའི་ནང་རང་ཤི་རྒྱག་མཁན་ག་ཚོད་ཡོད་དམ། དེ་ཚོ་དངུལ་མེད་ནས་རང་ཤི་བརྒྱབ་ཡོད་དམ། དེར་བརྟེན་ནུབ་ཕྱོགས་ཀྱི་ཡུལ་གྲུ་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་པ་དེ་ཚོའི་ནང་སེམས་མ་སྐྱིད་པ་བྱེད་མཁན་མང་པོ་འདུག སེམས་མ་སྐྱིད་པ་བྱུང་བའི་རྒྱུ་གཙོ་བོ་དེ་སེམས་ནང་འཇིགས་སྣང་ཡོད་པ། དེའི་རྒྱུ་གཙོ་བོ་གཅིག་གི་གཅིག་ལ་ཡིད་ཆེས་མེད་པ། དོགས་པ་བྱེད་རྒྱུ། འགྲན་བསྡུར་བྱེད་རྒྱུ། ང་ཞེས་རང་ཁོ་ན་བསམ་བློ་གཏོང་རྒྱུ། དེ་ལྟ་བུའི་ཐོག་ནས་དངངས་སྐྲག་ཡོང་རྒྱུ་དང་ཡིད་ཆེས་བརླག་རྒྱུ་སོགས་ཡོང་བཞིན་ཡོད།
སྔ་མོ་ལ་དྭགས་དང་འབྲས་ལྗོངས་ཁུལ་དུ་རང་ཤོ་རྒྱག་རྒྱུ་ཟེར་བ་དེ་ཧ་ལམ་གོ་རྒྱུ་མེད། དེང་སང་ལ་དྭགས་ནང་རང་ཤི་རྒྱག་མཁན་ཁ་ཤས་ཡོང་གི་འདུག ལ་དྭགས་ལྟ་བུ་ཆ་བཞག་ན་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་ནང་དངོས་པོ་ཧ་ཅང་ཡར་རྒྱས་ཕྱིན་ཡོད། དེང་དུས་ཀྱི་ཤེས་ཡོན་སྦྱང་སའི་སློབ་གྲྭ་ཁག་མང་པོ་བཙུགས་ཏེ་དེང་དུས་ཀྱི་ཤེས་ཡོན་ཐོག་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་ཡོད། འོན་ཀྱང་གཅིག་མ་འདང་བར་བརྟེན་རང་ཤི་རྒྱག་བཞིན་ཡོད་པ་མ་གཏོགས་སྐྱིད་དྲག་སྟེ་རང་ཤི་བརྒྱབ་པ་ཞིག་མིན། རིས་སུ་མ་ཆད་པའི་ཆོས་དེ་དག་གི་སེམས་ལ་རེ་བ་ཞིག་བསླེབས་ཀྱི་ཡོད། དཔེར་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཆོས་བརྒྱུད་ཚོར་ཆ་བཞག་ན། ཁོང་ཚོར་ཧ་ཅང་དཀའ་ངལ་འཕྲད་སྐབས་འཇིག་རྟེན་བཀོད་པ་པོར་བརྟེན་ནས་དད་པ་ཞིག་བྱེད་དུས་དེས་སེམས་ནང་རེ་བ་གཅིག་བཟུང་ཐུབ་རྒྱུ་དང་། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཚོས་ཐམས་ཅད་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། འཇིག་རྟེན་བཀོད་པ་པོ་ནི་བརྩེ་བའི་བདག་ཉིད་རེད། དེས་བཀོད་པ་དེར་སྡུག་པ་ཞིག་ཡོང་གི་མ་རེད་ཅེས་བསམ་བློ་འཁོར་མཁན་ཡོང་བཞིན་ཡོད། གང་ལྟར་ཆོས་དད་ཀྱི་ཐོག་ནས་མིའི་སེམས་ནང་དངངས་སྐྲག་སྐྱེ་རྒྱུ་ཉུང་དུ་འགྲོ་བར་ཕན་ཐོགས་ཡོང་གི་ཡོད། དེར་བརྟེན་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མ་དུས་རབས་ ༢༡ པ་དང་འབྲེལ་བ་དང་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད།
འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ནང་ཆོས་ལ་དད་པ་ཡོད་མཁན་དང་མེད་མཁན་གྱི་སྡེ་ཚན་གཉིས་སུ་ཕྱེ་སྐབས། ཆོས་དད་དམ་ཆོས་ལ་དོ་སྣང་མེད་མཁན་དུང་ཕྱུར་བཅུ་ཙམ་ཡོད། དེ་ལྟར་ཆོས་དད་ཡོད་མཁན་དང་མེད་མཁན་ཁོང་ཚོ་ཚང་མ་སྡུག་བསྔལ་མི་འདོད་མཁན་དང་བདེ་བ་འདོད་མཁན་གཅིག་མཚུངས་ཆགས་ཡོད། དེ་སང་འཛམ་གླིང་ནང་ཕན་ཚུན་གཅིག་གི་གཅིག་ལ་རྟེན་དགོས་པ་ཆགས་ཡོད། དེང་སྐབས་འཛམ་གླིང་ནང་ཚ་དྲོད་ཆེ་རུ་ཕྱིན་པའི་རྐྱེན་གྱིས་མཚོ་རླབས་ལ་སོགས་པ་ཤུགས་ཆེ་རུ་ཕྱིན་ཡོད། གནས་སྟངས་འདི་དག་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ལྷག་པ་ཡོད་པ་དེ་དག་ཚང་མར་ཕན་གནོད་གཅིག་འགྱུར་ཡོང་བཞིན་ཡོད། དེར་བརྟེན་འདམ་གླིང་འདིའི་སྟེང་གི་མི་ཚང་མ་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གཉིས་ནས་ང་ཚོ་ཚང་མའི་ཁ་ནས་ཞི་བདེ་དགོས་སྐོར་བརྗོད་བཞིན་ཡོད་ཀྱང་ཕན་ཚུན་འཁྲུད་རྩོད་བྱེད་བཞིན་ཡོད། ཐབས་སྐྱོ་བ་ཞིག་ལ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གཅིག་གི་གཅིག་ལ་གསོད་རེ་བྱེད་བཞིན་པ་དེ་བློ་ཡུལ་ལས་འདས་པ་རེད། ཆོས་ཐམས་ཅད་ཀྱི་བྱམས་བརྩེ་བསླབ་བཞིན་ཡོད་ཀྱང་གནས་ཚུལ་འདི་ལྟར་བྱུང་བཞིན་ཡོད། འཛམ་གླིང་འདིའི་སྟེང་རིམ་པ་དང་པོ་དེ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་གནས་ན་ཕན་ཚུན་རྙོག་གྲ་ཡོང་རྒྱུ་མེད།
རིམ་པ་གཉིས་པ་མི་མི་འདྲ་བ་མང་པོ་ཡོད་པའི་ཐོག་ནས་རྙོག་གྲ་ཡོང་བཞིན་ཡོད་པར་བརྟེན། རྙོག་གྲ་དེ་དག་མི་ཡོང་ཆེད་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུའི་ཐོག་ཤུགས་བརྒྱབ་ན་རིམ་པས་འགྱུར་བ་འགྲོ་རྒྱུའི་རེ་བ་ཡོད། དེར་བརྟེན་ཆོས་དད་ཡོད་མེད་དང་མཚོན་མདོགའདྲ་མིན་མ་ལྟོས་པར་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད།