༢༠༡༤ ཟླ་ ༡༡ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་ནེའུ་ཡོཀ་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཨ་རི་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མར་ནེའུ་ཡོཀ་དང་ནེའུ་འཇར་སི། དེ་བཞིན་ཉེ་འཁོར་ས་གནས་ཁག་ནས་བཅར་བའི་བོད་རིགས་བཅས་ཁྱོན་མི་གྲངས་ ༥༠༠༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་༸གོང་ས་མཆོག་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོཀ་ནང་ཡོད་པའི་ཇ་ཝིཏ་བསྟི་གནས་ (Javits Center) ཞེས་པའི་ཚོགས་ཁང་ཆེན་མོའི་བཞུགས་ཁྲིར་འཁོད་མཚམས། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་བོད་རིགས་ཚོགས་པའི་ཚོགས་གཙོས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས། དེ་ནས་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
བརྩེ་བའི་བོད་གངས་ཅན་པ་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ཚང་མར་ཞུ་རྒྱུར། དེ་རིང་འདིར་ང་ཚོ་བོད་མི་འབོར་ཆེན་སྟོང་ཕྲག་བཞི་ལྔ་ཞིག་རུག་རུག་བྱས་ཏེ་ཐུག་སྐབས། གློ་བུར་བུ་བསམ་བློའི་ནང་བོད་ལ་བསླེབས་ཡོད་པའི་ཚོར་བ་བྱུང་། ཡང་ན་རྒྱ་གར་ནང་གི་གཞིས་ཆགས་ཆེ་ཁག་གཅིག་གི་ནང་བསླེབས་པའི་ཚོར་སྣང་བྱུང་། ཕྱོགས་གཅིག་ནས་ས་ཆ་འདི་ནི་ཨ་རིའི་ས་ཆ་རེད། རྒྱ་གར་དང་ཧ་ཅང་རྒྱང་ཐག་རིང་པོ་ཡིན་པ་མ་ཟད། འགྲོ་སོང་གང་ཙམ་བཏང་ན་མ་གཏོགས་ལས་སླ་པོ་འདིར་བསླེབས་ཐུབ་རྒྱུ་མེད། ཁྱེད་རང་ཚོ་འདིར་ནིའུ་ཡོཀ་ཏུ་བསླེབས་རྗེས་སོ་སོའི་འཚོ་གོས་དེ་འགྲིག་ཐག་གཅོད་ཡོད་པའི་ཐོག་བོད་མི་རིགས་ཀྱི་ལྷག་བསམ་དང་། ལ་རྒྱ། ཞེན་ཁོག་འགྱུར་བ་མེད་པར་གནས་ཡོད།
ཁྱེད་རང་ཚོ་རྒྱ་གར་ནས་ཁྲིམས་མཐུན་དང་ཁྲིམས་འགལ་གང་འདྲ་བྱས་ནས་འབྱོར་བ་ཡིན་རུང་། འདིར་སླེབས་རྗེས་བོད་མིའི་ངོ་བོ་མ་བརླག་པར་བོད་སྤྱི་པའི་སེམས་ཤུགས་མ་ཉམས་པ་གནས་ཡོད་པར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་ས་ཆ་གསར་པ་འདིར་བསླེབས་ཏེ་ཕྲུ་གུ་གསར་པ་མང་པོ་བཟོས་འདུག ཕྲུ་གུ་དེ་དག་བོད་མི་འཁྲུལ་མེད་ཅིག་བཟོ་རྒྱུར་ཁྱེད་རང་ཚོས་འབད་བརྩོན་བྱེད་ཀྱི་ཡོད་པ་ད་ལྟའི་ལས་བསྡོམས་འདིའི་ནང་ཡོད་པ་བཞིན་རེད། ཁྱེད་རང་ཚོས་བོད་ཡིག་བསླབ་རྒྱུས་མཚོན་ངལ་བ་དང་ལེན་གྱི་ཐོག་ནས་ལྷག་བསམ་ཆེ་བསྐྱེད་དང་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ཏེ་འབད་བརྩོན་གནང་བ་དེ་ཧ་ཅང་ཡག་པོ་རེད། ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ལས་བསྡོམས་ནང་ཕྲུ་གུ་ཚོར་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཞལ་འདོན་བསླབ་རྒྱུ་ཁོ་ན་མིན། བོད་ཀྱི་ནང་ཆོས་བསླབ་ཅེས་བརྗོད་སྐབས་སྐྱབས་འགྲོ་སེམས་བསྐྱེད་ཤོ་ལོ་ཀ་གཅིག་འདོན་རྒྱུ་ལྟ་བུ་མ་རེད། སངས་རྒྱས་ཆོས་ཚོགས་མ་དང་སྐྱབས་འགྲོ་སེམས་བསྐྱེད་འདི་ཕལ་ཆེར་ངང་རྒྱུད་རིང་པོ་བྱས་ཏེ་ནེ་ཙོར་བསླབ་ཀྱང་སློབ་ཐུབ་ཀྱི་རེད། ཚིག་ལབ་རྒྱུ་ཞིག་དུད་འགྲོས་ཀྱང་ལབ་ཐུབ་ཀྱི་རེད། ང་ཚོས་ཆོས་སློབ་སྦྱོང་དང་རྒྱུན་འཛིན་བྱེད་རྒྱུ་དེ་འདོན་པ་ཚིག་སྐམ་པོ་འདོན་རྒྱུའི་སྐད་ཆ་མིན།
དཔེར་ན། སངས་རྒྱས་ཆོས་ཚོགས་མར་ཆ་བཞག་ན། སངས་རྒྱས་དང་། ཆོས། དགེ་འདུན་དེ་དག་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། ངོ་བོ། བྱེད་ལས་སམ་འབྲས་བུ་སོགས་གང་འདྲ་ཡིན་མིན་འགྲེལ་བཤད་རྒྱག་དགོས། སངས་རྒྱས་ཆོས་ཚོགས་མའི་ཤོ་ལོ་ཀ་གཅིག་པུ་འདིའི་འགྲེལ་བཤད་ཞིབ་ཕྲའི་ཐོག་ཕྱིན་སྐབས། ང་ཚོས་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དེ་དག་ལ་འགྲེལ་བཤད་བརྒྱབ་ཡོང་གི་ཡོད། དེར་བརྟེན་སློབ་སྦྱོང་ཧ་ཅང་མང་པོ་བྱེད་དགོས་ཀྱི་ཡོད། སྤྱིར་བཏང་ང་ཚོའི་བོད་ནང་གི་སློབ་གཉེར་དེ་ཚོ་སློབ་གཉེར་ཚད་ལོང་བ་ཞིག་བྱས་ན་ལོ་ཉི་ཤུ་དཔེ་ཆ་བལྟ་དགོས་ཀྱི་རེད་མ་གཏོགས། ལོ་གཅིག་གཉིས་ཤིག་དཔེ་ཆ་བལྟས་པ་ཙམ་གྱིས་གཏན་འཁེལ་བའི་ཤེས་ཚད་ལྡན་པ་ཤེས་རྒྱུ་ཁག་པོ་རེད། བར་སྐབས་ནས་ངོས་ཀྱིས་རྒྱ་རིགས་དང་། བོད་རིགས། ཧི་མ་ལ་ཡ་རི་རྒྱུད་ཀྱི་ནང་པ་ཚོར་འདི་ལྟར་བཤད་ཀྱི་ཡོད། ནང་པ་སངས་རྒྱས་པའི་ཆོས་ཁས་ལེན་མཁན་ཞིག་ཡིན་ན་ང་ཚོ་དུས་རབས་ ༢༡ པའི་ནང་པ་གཅིག་བྱེད་དགོས་རེད་ཅེས་བརྗོད་ཀྱི་ཡོད། ང་ཚོས་དེ་སྔའི་ལམ་དང་ལུགས་སྲོལ་བྱས་ནས་ཕྱག་མཆོད་འབུལ་དང་གཟུངས་སྔགས་བགྲང་རྒྱུ་དེ་དག་ཧ་ཅང་ཡག་པོ་རེད།
འོན་ཀྱང་དེ་ཚོ་ཡན་ལག་རེད། རྩ་བ་དེ་ཟབ་པ་དང་རྒྱ་ཆེ་བའི་འགྲོ་སྟངས་དེ་དག་ཤེས་པ་བྱས་ཏེ་རང་བརྒྱུད་འགྱུར་ཐབས་བྱེད་དགོས། འགྲོ་སྟངས་དེ་དག་མ་ཤེས་པར་སངས་རྒྱས་དང་ཆོས། དགེ་འདུན་ལ་སྐྱབས་སུ་མཆིའོ། དཀོན་མཆོག་གསུམ་མཁྱེན། ཞེས་བརྗོད་ན་ཧ་ལམ་རྨོངས་དད་ལྟ་བུ་ཆགས་ངེས་རེད། དེ་དག་ཤེས་པར་གཞི་ལམ་འབྲས་གསུམ་ཤེས་པ་བྱེད་དགོས། གཞིའི་གནས་ཚུལ་བཤད་སྐབས་སེམས་ཁམས་རིག་པ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། སེམས་ཁམས་རིག་པར་ཆ་བཞག་ན་ནུབ་ཕྱོགས་ལ་ཡོད་པའི་(Psychology) སེམས་ཁམས་རིག་པའི་སྐོར་དེ་སྤྱིར་རྒྱ་གར་གྱི་སེམས་ཁམས་རིག་པའི་སྐོར་དང་། ལྷག་པར་ནང་ཆོས་ཀྱི་སེམས་ཁམས་རིག་པའི་སྐོར་དང་བསྡུར་ན། ནུབ་ཕྱོགས་པའི་སེམས་ཁམས་རིག་པ་ལ་(Kindergarden) སྔོན་འགྲོའི་རིམ་པ་མ་གཏོགས་མེད། གནའ་བོའི་རྒྱ་གར་གྱི་སེམས་ཁམས་རིག་པ་དེ་རྒྱ་གར་ནང་ཧ་ཅང་ཉམས་རྒུད་ཕྱིན་ཡོད། ངོས་རང་རྒྱ་གར་གྱི་ཆོས་གྲོགས་དང་མཁས་དབང་མང་པོ་ཞིག་ཐུག་མྱོང་ཡོད། རེ་ཟུང་གི་ལོ་སྟོང་ཕྲག་ནས་ཡོད་པའི་རྒྱ་གར་གྱི་ཆོས་དང་སེམས་ཁམས་རིག་པ་དེ་དག་ཤེས་མཁན་ཁ་ཤས་འདུག དེ་ཚོར་བསམ་བློ་གཏོང་སྐབས་ང་ཚོ་བོད་ཧ་ལས་པ་རེད་འདུག འཛམ་གླིང་འདིའི་སྟེང་ནང་པ་དུང་ཕྱུར་ཁ་ཤས་ཤིག་ཡོད་པའི་ཁོངས་སངས་རྒྱས་པའི་ཆོས་སྤྱི་དང་། དེའི་ཉིང་ཁུ་དེ་དཔལ་ནཱ་ལེནྡྲར་ཐུག་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་ནི་དུས་ད་ལྟའང་ཐོས་བསམ་སྒོམ་གསུམ་དང་། ཤེས་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་བདག་པོ་རྒྱག་མཁན་བོད་པ་ཁོ་ན་མ་གཏོགས་མེད། འདི་ནི་བོད་པའི་གཅེས་ནོར་རེད། རང་ལ་ཡིན་ནའང་ཕྱི་རྫིག་ནང་རྫིག་ཡོང་ཐུབ་རྒྱུ་དང་། མཐར་ཐུག་དེ་སེམས་སྐྱིད་པོ་དང་བག་ཕེབས་པོ་ཞིག་ཡོང་ཐུབ་རྒྱུ།
དེ་ལ་བརྟེན་ནས་ལུས་བདེ་བ་དང་རང་ཉིད་ཚེ་རིང་བ་ཡོང་ཐུབ་ཀྱི་ཡོད། རང་ལ་ཕན་རྒྱུ་དང་གཞན་ལ་ཡིན་ནའང་དེང་སང་འཛམ་གླིང་གི་སྤྱི་ཚོགས་ཆགས་སྡང་གི་རུ་འཛིངས་མཁན་གྱི་ནང་ཏན་ཏན་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད། དེ་དད་པ་བྱས་ནས་མིན་པར་སེམས་ཁམས་རིག་པའི་གནས་ཚུལ་ཡག་པོ་ཤེས་པའི་ཐོག་ནས་སེམས་ཀྱི་ཞི་བདེ་ཇི་ལྟར་སྒྲུབ་དགོས་ཀྱི་ཡོད་པ་དང་། སེམས་ཀྱི་ཞི་བདེ་དཀྲུག་མཁན་སུ་ཡིན་མིན་སེམས་ཁམས་རིག་པའི་རྣམ་གཞག་ཤེས་པའི་སྒོ་ནས་འགྲེལ་བཤད་བརྒྱབ་དུས་དེར་ཡིད་ཆེས་དང་གོ་བ་བསླེབས་ཐུབ་རྒྱུ་ཞིག་ཡོང་གི་ཡོད། དེར་བརྟེན་ཚན་རིག་པ་སྙན་གྲགས་ཡོད་པ་དེ་ཚོས་དོ་སྣང་བྱེད་ཀྱི་འདུག སྐྱེ་བ་སྔ་ཕྱི་ལྟ་བུའི་ཐོག་ནས་ཆོས་དད་བྱས་པ་མིན། དངོས་ཡོད་གནས་ཚུལ་ཐོག་ནས་མིའི་བསམ་བློའི་འགྲོ་སྟངས་ཤེས་པའི་ཐོག་ནས་སེམས་ཀྱི་ཞི་བདེ་ཡོང་གི་ཡོད་པར་བརྟེན་དེང་སྐབས་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་ཁྱེད་རང་ཚོས་ཕྲུ་གུ་ཚོར་ནང་ཆོས་ངོ་སྤྲོད་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་བོད་མིའི་ཆབ་སྲིད་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་གནང་བའི་སྲིད་སྐྱོང་ལ་རྩིས་སྤྲོད་མཛད་པའི་སྐོར་དང་། དོལ་རྒྱལ་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད།།