༢༠༡༤ ཟླ་ ༡༡ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༧ ཉིན་དཔལ་ལྡན་བཀའ་ཤག་གིས་བསྔགས་བརྗོད་གནས་འཕྲིན་གནང་བའི་ནང་འཁོད་དོན།
ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༡ འཁོད་གཙོ་ཆེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་དང་། ནང་སྲིད་ལས་ཁུངས་དང་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁང་གཉིས་མཉམ་རུབ་ཐོག་ནས་འབད་བརྩོན་རྒྱུན་མར་ཞུས་འབྲས་སུ། ཉེ་ཆར་རྒྱ་གར་ནང་སྲིད་ལས་ཁུངས་ནས་བོད་མིའི་འཚོ་གནས་སླར་གསོའི་སྲིད་བྱུས་ (The Tibetan Rehabilitation Policy, 2014) ཞེས་པ་གཏན་འབེབས་བྱུང་བའི་འདྲ་བཤུས་ཤིག་བརྒྱུད་འབུལ་གནང་བ་དཔལ་ལྡན་བཀའ་ཤག་ལྷན་རྒྱས་སུ་སྙན་སེང་དང་འབྲེལ་སྲིད་བྱུས་ཡིག་ཆ་ཆ་ཚང་སྙན་སྒྲོན་ཞུས་པར། རྒྱ་གར་གཞུང་ནས་བོད་མིར་བྱམས་བརྩེའི་གཟིགས་པ་བླ་མེད་གནང་བའི་གོང་གསལ་སྲིད་བྱུས་ཡིག་ཆ་གཏན་འབེབས་དང་སྦྲགས། འབྲེལ་ཡོད་མངའ་སྡེའི་གཞུང་ཡོངས་ནས་ཕྱག་བསྟར་གནང་ཐབས་གནང་འོས་སྐོར་བཀོད་རྒྱ་ཟུར་སྩལ་གནང་ཡོད་པ་བཅས་ནི། བཙན་བྱོལ་བོད་མིའི་འཚོ་གནས་སྲ་བརྟན་གྱི་ལས་དོན་དང་འབྲེལ་བའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པས། དེ་གའི་བཀའ་བློན་མཆོག་གིས་དབུས་པའི་འགོ་ལས་རྣམས་དང་། ལས་དོན་དེའི་ཐོག་མཉམ་རུབ་གནང་མཁན་ལྡི་ལི་སྐུ་ཚབ་དོན་གཅོད་ངོ་ལས་རྣམ་པ་བཅས་ལ་དཔལ་ལྡན་བཀའ་ཤག་གི་ངོས་ནས་བཅོས་མིན་ཡི་རང་བསྔགས་བརྗོད་ཡོད་ཅེས་ཕེབས་འདུག་པ་དགོངས་མངའ་ཞུ། ཞེས་འཁོད་འདུག