༢༠༡༤ ཟླ་ ༡༡ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་བྷོ་སི་ཊོན་ནང་ས་གནས་བོད་རིགས་ཚོགས་པས་གོ་སྒྲིག་འོག་ཁུལ་དེའི་ཊི་ཌི་གར་ཌེན་ TD Garden ཞེས་པའི་ས་གནས་སུ་ཆིབས་སྒྱུར་བསྐྱངས་ནས་༸ཞབས་སོར་འཁོད་སྐབས་ས་གནས་བོད་རིགས་རྣམས་ཀྱིས་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་སྡིངས་ཆའི་སྟེང་༸ཞབས་སོར་འཁོད་བསྟུན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨེ་ལེ་སེ་བྷེ་ཐི་ཝར་རེན་US Senator Elizabeth Warren མཆོག་དང་། བྷོ་སི་ཊོན་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་མར་ཊིན་ཇེ་ཝལ་ཤི་ Boston Mayor Martin J Walsh མཆོག་སོགས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་འཚམ་འདྲི་ཞུས། དེ་རྗེས་ཐོག་མར་བོད་མི་གཞོན་སྐྱེས་ཁག་གཅིག་གིས་མཉམ་གཞས་གཟིགས་འབུལ་ཞུས།
དེ་ནས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པདྨ་ཚེ་དབང་ཤཱསྟྲི་ལགས་ཀྱིས་ལྕམ་སྐུ་ཨེ་ལེ་སེ་བྷེ་ཐི་ཝར་རེན་ལགས་སུ་༸གོང་ས་མཆོག་ངོ་སྤྲོད་གནང་རྒྱུའི་འབོད་སྐུལ་ཞུས་པ་ལྟར་ལྕམ་སྐུ་མཆོག་གིས་ཚོགས་བཅར་བ་མང་ཚོགས་རྣམས་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་ཞུས་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་ཚང་མར་སྙིང་སྟོབས་སྤེལ་མཁན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུང་པ་དང་སྦྲགས། ༸གོང་ས་མཆོག་གི་གསུང་དུམ་བུ་ཞིག་ལུང་འདྲེན་ཞུས་དོན། སེམས་ནང་ཞི་བདེ་ཡོད་ན་རང་ཉིད་གང་ལ་གནས་སའི་ཁོར་ཡུག་དེ་ཡང་ཞི་བདེའི་ཁོར་ཡུག་ཞིག་ཆགས་རྒྱུ་དང་། བྱམས་བརྩེའི་བསམ་པ་ནི་ང་ཚོར་མེད་དུ་མི་རུང་བ་ཞིག་ཡིན་པ་ལས་དེ་ནི་རྒྱས་སྤྲོད་ཀྱི་བསམ་བློ་ཞིག་གཏན་ནས་མིན། ཞེས་ལུང་འདྲེན་ཞུས་རྗེས་༸གོང་ས་མཆོག་ལ་བཀའ་སློབ་སྩལ་རྒྱུའི་གསོལ་འདེབས་ཞུ་པ་ལྟར་༸གོང་ས་མཆོག་གིས་སྐབས་དེར་བཀའ་སློབ་སྩལ་དོན། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་རིགས་གཅིག་འགྱུར་ཆགས་ཡོད། ང་ཚོ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་སུ་གཅིག་གིས་འདོད་ཀྱི་མེད། བདེ་བ་འདོད་པ་ལྟར་བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད།
དེར་བརྟེན་ང་ཚོ་ཚང་མ་གཞི་རྩའི་འགྲོ་བ་མི་རིགས་གཅིག་ཡིན་སྟབས་ཕན་ཚུན་འཛིང་རེས་དང་གསོད་རེས་གཏོང་དགོས་དོན་གང་ཡང་མེད། ཆོས་ལུགས་དང་རིགས་རུས། རྒྱལ་ཁབ་མི་འདྲ་ཙམ་ཡོད་པ་དེ་དག་ཁྱད་པར་ལྟར་སྣང་ཡིན་སྟབས་དེ་ཙམ་གལ་ཆེན་པོ་མིན། གལ་ཆེ་ཤོས་ནི་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་པ་ཡིན་པའི་གཞི་རིམ་གྱི་གནས་སྟངས་འདི་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་ཚང་མར་བདེ་བ་སྒྲུབ་རྒྱུའི་ཐོབ་ཏང་ཡོད། ཅེས་བརྗོད་སྐབས་གོ་བ་གང་འདྲ་ཞིག་ཡོང་གི་འདུག དངུལ་དང་སྟོབས་ཤུགས་ལ་གོ་གི་འདུག་གམ། དངུལ་གྱིས་བདེ་སྐྱིད་ངོ་མ་དེ་སྤྲོད་ཐབས་མེད། ངོས་ལ་གྲོགས་པོ་འབྱོར་ལྡན་མང་པོ་ཡོད། ཁོང་ཚོར་དངུལ་ཧ་ཅང་མང་ནའང་སེམས་ནང་བདེ་སྐྱིད་ཀྱིས་ཕོངས་ནས་འཚོ་བཞིན་ཡོད། དེར་བརྟེན་བདེ་སྐྱིད་སྐྲུན་མཁན་ངོ་མ་དེ་ནི་བསམ་བློ་གཏོང་སྟངས་ལ་རྟེན་ནས་བདེ་སྐྱིད་སྐྲུན་དགོས། བསམ་བློ་བཟང་པོ་ཞིག་དང་གཞན་ཕན་གྱི་བསམ་བློ་གོང་མཐོར་གཏོང་ཐབས་བྱེད་དགོས། དེ་ནི་སེམས་ནང་བསྒྱུར་བཅོས་བཏང་ནས་ཉོན་མོངས་པའི་བསམ་པ་ཁོང་ཁྲོ་དང་ཞེད་སྣང་སོགས་ལ་གཉེན་པོ་བསྟེན་དགོས། ཚན་རིག་པས་བརྟག་དཔྱད་བྱས་པའི་གྲུབ་དོན་དུ་ཁོང་ཁྲོ་དང་ཕྲག་དོག སེམས་ཁྲལ་སོགས་ཀྱི་ལུས་ཀྱི་ཟུངས་སྟོབས་ཉམ་དམས་སུ་བཏང་ནས་ལུས་སྟོབས་ཞན་དུ་འགྲོ་རྒྱུ་དང་། བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་དེ་དག་གིས་རང་ཉིད་ལུས་སེམས་བདེ་ཐང་ཡོང་རྒྱུར་ཕན་ཐོགས་ཡོད་པ་ར་སྤྲོད་བྱུང་ཡོད། ཅེས་སོགས་ཀྱི་བཀའ་སློབ་གྲུབ་བསྟུན་དྲི་བ་རྣམས་ལ་བཀའ་ལན་སྩལ། མཐར་པདྨ་ཚེ་དབང་ཤཱསྟྲི་ལགས་ཀྱིས་ཨི་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་སྒེར་ (Richard Gere) ལགས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཆེད་རེ་སྐུལ་ཞུས་པ་ལྟར་ཁོང་གིས་སྐབས་དེར་གསུང་དོན། ང་རང་དེ་རིང་འདིར་བཅར་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ཉན་རྒྱུ་བྱུང་བ་ཧ་ཅང་སྐལ་བ་ཟབང་པོ་བྱུང་། ཞེས་སོགས་གསུངས་རྗེས་ལྷན་ཚོགས་གྲོལ།