༢༠༡༤ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་བྷར་མིང་ཧམ་གྲོང་ཁྱེར་དུ་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས་མ་མཛད་གོང་། ཨ་ལ་བྷ་མ་མངའ་སྡེའི་ནང་མགོན་པོ་གང་ཉིད་མཆོག་གི་མཇལ་ཁའི་ཆེད་ཨ་རིའི་གྲོང་ཁྱེར་ཨེ་ཊ་ལེན་ཊ་ Atlanta དང་ནིའུ་ཡོཀ New York ནིའུ་འཇར་སི། New Jersey མིན་ནེ་སོ་ཊ་ Minnesota བཅས་ནས་ཕེབས་པའི་བོད་མི་ ༣༥༠ ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་རང་འཛམ་གླིང་གི་མི་སྣ་འདྲ་མིན་དང་ཐུག་མྱོང་བའི་སྐྱབས་བཅོལ་བ་ཞིག་ཡིན། ངོས་ཀྱིས་གཙོ་བོ་ནང་ཆོས་ལ་སློབ་སྦྱོང་བྱས་པར་བརྟེན། མི་སྣ་དེ་དག་དང་མཇལ་འཕྲད་སྐབས་ང་རང་ཚོའི་རིག་གཞུང་ཕྱུག་པོ་དེ་དག་ལ་སློབ་གཉེར་བྱས་པའི་བཀའ་དྲིན་གྱིས་གཉའ་ཞུམ་དགོས་པ་མི་འདུག རིག་གཞུང་གཏིང་ཟབ་པོ་ཞིག་ང་རང་ཚོར་ཡོད། སྔ་མོ་བོད་ལ་ཕྱི་རྒྱལ་བ་ཡུལ་སྐོར་དུ་ཡོང་མཁན་ཚོས་བོད་ཀྱི་རིག་གཞུང་ནི་ཡ་མཚན་བྱེད་ས་ཞིག་ཏུ་མཐོང་ཡོད།
འོན་ཀྱང་དཔལ་ན་ལེནྡྲ་ནས་བརྒྱུད་པའི་ཟབ་ཅིང་རྒྱ་ཆེ་ལ་རིན་ཐང་ཅན་གྱི་རིག་གཞུང་འདི་བདག་པོ་རྒྱག་མཁན་ང་ཚོ་ཆགས་ཡོད། དེར་བརྟེན་འདི་ནི་འཛམ་གླིང་གི་གཅེས་ནོར་ཞིག་ཡིན་པ་ངོ་ཤེས་པ་བྱེད་དགོས། ངོས་རང་སྒེར་ལ་ཆ་བཞག་ནས་བཤད་ནའང་། སེམས་ཀྱི་ཞི་བདེ་ཡོད་ན་ལུས་པོའི་འཕྲོད་བསྟེན་ཡག་པོ་ཡོང་རྒྱུ་ཡིན་པ་སྨྲོས་མེད་ཡིན་པ་གསལ་པོ་རེད། དོལ་རྒྱལ་བསྟེན་མཁན་ཚོས་ཁོ་རང་ཚོའི་སྨྲ་བརྗོད་རང་དབང་བེད་སྤྱོད་བཏང་སྟེ་སྐད་འབོད་བྱེད་ཀྱི་ཡོད་པ་རེད། འདིར་ཁྱེད་རང་ཚོ་བོད་རིགས་ཕོན་ཆེ་འཛོམས་པ་རྣམས་ཀྱང་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་ནས་སྐད་འབོད་བྱེད་དུ་ཕེབས་པར་ཐུགས་རྗེ་ཆེ། དེ་རིང་འདིར་ཆོས་འབྲེལ་བྱེད་རྒྱུ་དམིགས་བསལ་མེད་པས་ཚིག་ཁ་ཤས་ཤིག་བརྗོད་འདོད་བྱུང་། དེ་ཡང་། ཇི་ལྟར་ཉི་མའི་འོད་ཟེར་དག་གིས་པདྨ་ཁ་འབྱེད་པ་ལྟར། །གསུང་གི་འོད་ཟེར་དག་གིས་འཇིག་རྟེན་གསལ་བར་མཛད།། ཅེས་གསུངས་པ་ལྟར། བཅོམ་ལྡན་འདས་རང་ཉིད་ཀྱིས།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།།
ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།།
ཅེས་བདེན་པ་བཞིའི་རྣམ་གཞག་གིས་བདེ་སྡུག་གཉིས་རྒྱུ་འབྲས་ལ་རྟེན་ནས་བྱུང་བར་གསུངས་པ་ནི་ནང་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་དང་། དེ་ཡང་པ་ལི་དང་སཾསྐྲྀཏའི་ཆོས་བརྒྱུད་གཉིས་ཀའི་ཐུན་མོང་བ་ཡིན་པ་མ་ཟད། སཾསྐྲྀཏའི་ཆོས་བརྒྱུད་ནང་ལ་བདེན་པ་གཉིས་ཀྱི་རྣམ་གཞག་ལས་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་སྐོར་ཞིག་ཐོན་ཡོང་གི་ཡོད། དེ་དང་འབྲེལ་ནས་ཚད་རྡུལ་དངོས་ཁམས་རིག་པས་(Quantum Physics)ཀྱང་ ཆོས་གང་ཡིན་ཡང་རང་ངོས་ནས་མ་གྲུབ་པའི་འགྲེལ་བཤད་བྱེད་ཀྱི་ཡོད་པ་དེ་ནང་ཆོས་ནས་བཤད་པ་དང་ཧ་ཅང་མཐུན་པོ་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས། སྐྱབས་འགྲོ་སེམས་བསྐྱེད་དང་། ཐུབ་པའི་མཚན་སྔགས། སྤྱན་རས་གཟིགས། འཇམ་པའི་དབྱངས། རྗེ་བཙུན་སྒྲོལ་མ་བཅས་ཀྱི་གཟུངས་སྔགས་བཟླས་ལུང་སྩལ་རྗེས་བོད་རིགས་ཚོ་དང་སྐུ་པར་ལྷན་སྒྲོན་མཛད་འདུག