༢༠༡༤ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༧ ཉིན་བཞུགས་སྒར་རྡ་ས་མེཀ་ལོ་གྷན་ཇིར་རྟེན་གཞི་བྱས་པའི་བོད་ཀྱི་བདེ་རྩ་ཚོགས་པ་ (Tibet Charity) བཙུགས་ནས་མི་ལོ་ཧྲིལ་པོ་ ༡༠ འཁོར་བའི་དུས་དྲན་སྲུང་རྩིའི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་པ་གཉིས་དང་། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ། སྤྱི་ཁྱབ་རྩིས་ཞིབ་འགན་འཛིན། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་བོད་ཀྱི་བདེ་རྩ་ཚོགས་པའི་གཙོ་འཛིན་ལྭ་ཁ་རིན་པོ་ཆེ། རྡ་ས་བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་གཙོས་ལས་བྱེད་ཡོངས་ལ་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྡ་ས་བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་གྱིས་ལས་བསྡོམས་སྒྲོགས་སྦྱང་གནང་བའི་ནང་འདས་པའི་ལོ་བཅུའི་རིང་ཚོགས་པའི་ངོས་ནས་ཤེས་ཡོན་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཕྱི་ཞུ་བཞིན་ཡོད་པ་དང་། དེ་བཞིན་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ནས་དགུང་ལོ་བགྲེས་པོ་རྣམས་ཀྱི་སར་དངོས་སུ་བཅར་ནས་ཞབས་ཕྱི་ཞུ་བཞིན་ཡོད་པ་མ་ཟད།
ལྷག་པར་རྡ་ས་ཁུལ་དུ་བོད་ཀྱི་བདེ་རྩ་ཚོགས་པ་བརྗོད་པའི་སྐབས་སུ་ཁྱི་བདག་པོ་ཡོད་མེད་ལ་མ་ལྟོས་པར་དེ་དག་ལ་དུས་རྟག་ཏུ་སྨན་བཅོས་གནང་སྟེ་ཐུགས་ཕན་གསོ་གི་ཡོད་རེད། ཅེས་ཡོངས་གྲགས་རེད། ད་བར་མི་ལོ་བཅུའི་རིང་ཐུགས་ཕན་གསོ་བའི་ཞབས་ཕྱི་ཞུས་པར་བཀའ་ཤག་གི་ཚབ་ཞུས་ཏེ་བསྔགས་བརྗོད་དང་སྦྲགས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལྭ་ཁ་རིན་པོ་ཆེས་གསུངས་པ་ལྟར་བོད་ལུང་པ་ཤོར་ཏེ་བཙན་བྱོལ་དུ་འབྱོར་སོང་ཞེས་མ་བསྡད་པར་སྤྱི་ཚོགས་ལ་ཐུགས་ཕན་གསོ་བའི་ཞབས་ཕྱི་ཞུ་དགོས་བསམ་པའི་ཐོག་ནས་བོད་ཀྱི་བདེ་རྩ་འདི་བཞིན་ཕྱི་ལོ་ ༢༠༠༠ ལོར་གསར་འཛུགས་གནང་། དེ་ནས་ཕྱི་ལོ་ ༢༠༠༢ ལོར་ (Sweden) ཏུ་ཡན་ལག་བཙུགས
དེ་རྗེས་ཕྱི་ལོ་ ༢༠༠༤ ལོར་རྡ་སར་ལས་ཁུངས་འཛུགས་ཏེ་ལོ་བཅུ་འགྲོ་གི་ཡོད། བོད་ཀྱི་བདེ་རྩ་ཚོགས་པས་སྤྱི་ཚོགས་ཀྱི་ཞབས་ཕྱི་སྒྲུབ་བཞིན་པར་བསྔགས་བརྗོད་འོས་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་སྐབས་སུ་ཡི་ཤུ་ཆོས་བྱེད་མཁན་ཚོས་གཞན་དང་མི་འདྲ་བར་སྤྱི་ཚོགས་ནང་ཞུགས་ཏེ་སྤྱི་ཚོགས་ཞབས་ཕྱི་ཞུ་བཞིན་ཡོད། དེའི་ནང་ནས་དམིགས་བསལ་ཤེས་ཡོན་དང་འཕྲོད་བསྟེན་འབྲེལ་བའི་ཐུགས་ཕན་གསོ་བའི་ཞབས་ཕྱི་ཞུ་བཞིན་ཡོད། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་དགོན་པ་དང་། སློབ་གྲྭ། ཆོས་ཚོགས་ཁག་ནས་དམིགས་དཔེ་བཟང་པོ་འདི་ཐུགས་ལ་བཞག་པའི་ཐོག་ནས་ལག་བསྟར་བྱེད་དགོས་ཀྱི་འདུག་ཅེས་དུས་རྟག་ཏུ་བཀའ་སློབ་སྩལ་གྱི་ཡོད། ཉེ་ཆར་དགོན་སྡེ་ཁག་ནས་ཤེས་ཡོན་དང་འཕྲོད་བསྟེན་འབྲེལ་བའི་སྤྱི་ཚོགས་ཞབས་ཕྱི་ཞུ་བཞིན་ཡོད། འོན་ཀྱང་ལྭ་ཁ་རིན་པོ་ཆེའི་ཕྱི་ལོ་ ༢༠༠༠ ནས་འདི་ལྟར་དགོས་ཀྱི་ཡོད་པ་གཟིགས་ནས་ལག་བསྟར་གནང་སྟེ་ལོ་བཅུ་འགྲོ་གི་ཡོད། སྤྱིར་ནང་པ་སངས་རྒྱས་ཀྱི་ཆོས་ནང་མི་བཟང་པོ་བྱེད་དགོས་སྐོར་གསུངས་པ་བཞིན་ལག་བསྟར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད