༢༠༡༤ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁུ་ཝར་ནང་ཁུལ་དེར་རྟེན་གཞི་བྱས་པའི་བྷིར་ཊི་ཤི་ཁོ་ལམ་བྷེ་ཡ་བོད་ཀྱི་རིག་གཞུང་ཚོགས་པ་(Tibetan Cultural Society of British Columbia) དང་། མཚན་སྒྲོག་དགོན་པ་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཁུལ་དེར་ཡོད་པའི་ UBC Thunderbird Arena ཞེས་པའི་ཚོགས་ཁང་ནང་བོད་རིགས་དང་རྒྱ་རིགས། ཝེ་ཏི་ནམ་སོགས་ཕྱི་ནང་གི་ཆོས་ཞུ་བ་ཁྱོན་མི་གྲངས་ ༥༠༠༠ བརྒལ་བར་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང་། ཕྱེད་ཡོལ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་འདུག
དེ་ཡང་༸གོང་ས་མཆོག་གིས་སྔོན་འགྲོའི་ཆོས་འབྲེལ་དང་ལྷན་ཆོས་ཞུ་བ་ཚོར་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་འཁོར་གསུམ་དང་། དེ་བཞིན་མུ་སྟེགས་པ་དང་སངས་རྒྱས་པའི་ཆོས་གཉིས་དབར་གསང་སྔགས་ཉམས་ལེན་གྱི་ཁྱད་པར་སྤྱི་དང་། ལྷག་པར་བོད་གངས་ཅན་ལྗོངས་ལ་དར་བའི་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་གཉིས་ངོ་སྤྲོད་དང་འབྲེལ། དེང་སྐབས་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཚོས་མདོ་སྔགས་གཉིས་ཀྱི་རྒྱུད་སྡེ་གཞིར་བཟུང་གིས་ཉམས་ལེན་ཚུལ་བཞིན་མ་བྱས་ན། བསྟན་པར་ཞབས་འདེགས་བསྒྲུབ་རྒྱུའི་ཚབ་ཏུ་ཞབས་འདྲེན་དུ་འགྲོ་གི་རེད་ཅེས་བཀའ་སློབ་སྩལ་དོན། སྐྱ་མིན་སེར་མིན་དེ་ཚོའི་གྲས་ཚེ་ཕྱི་མར་དཀའ་ངལ་འཕྲད་ཀྱི་རེད་ཅེས་དང་། རབ་བྱུང་བྱས་ནས་སེར་མོ་བ་མིན་མཁན་སྐྱ་བོ་མི་ནག་སྤྱི་མཚུངས་མིན་མཁན་བར་དུ་སྡོད་མཁན་ཚོ་དཀའ་ལས་ཁག་པོ་བྱེད་ཀྱི་རེད་ཅེས་ཕལ་ཆེར་འབྲུག་པ་ཀུན་ལེགས་ཀྱིས་གསུངས་ཡོད། དེ་བདེན་པ་རེད་འདུག དེང་སང་རབ་བྱུང་གི་རྟགས་ཆ་ལུགས་བཅངས་ཏེ་ཞབས་འདྲེན་ཞུ་མཁན་ཡོང་གི་འདུག ལྷག་པར་སྔགས་འཆང་ཡིན་མདོག་བྱས་ནས་ཞབས་འདྲེན་ཞུ་མཁན་མང་པོ་ཡོང་བཞིན་འདུག སྔ་མོ་སློབ་དཔོན་ཇོ་ཤི་ཟེར་མཁན་ཞིག་གིས་དཔེ་དེབ་གཅིག་བྲིས་པའི་ནང་། རྒྱ་གར་ནང་ནང་ཆོས་ཉམས་ཆག་འགྲོ་དགོས་པའི་རྒྱུ་གསུམ་བཤད་ཡོད།
དང་པོ་དགེ་འདུན་པ་ཚོས་རྒྱུ་ནོར་ལ་དང་འདོད་བྱས་ཏེ། དགེ་སློང་འདུལ་བ་འཛིན་པ་ཚོ་གསེར་མང་པོའི་བདག་པོ་ཆགས་ཡོད། མིས་འབུལ་བ་ཕུལ་བ་དེ་དག་བདག་པོ་བརྒྱབ་ནས་དགེ་སློང་གྲོངས་སྐབས། ཤག་གི་ནང་གསེར་དང་དངུལ་ཆས་མང་པོ་ཐོན་པ་དེ་འདྲ་བྱུང་ཡོད། གང་ལྟར་རབ་བྱུང་གི་རྒྱུ་ནོར་ལ་དགའ་པོ་བྱས་པར་བརྟེན། མི་མང་གི་ཁྲོད་དད་པ་དང་སྣང་བརླག་ཕྱིན་པ་རེད། གཉིས་པ་གསང་སྔགས་འཆལ་སྤྱོད་ལ་ཕྱིན་ཏེ་དེའི་ཐོག་ནས་མང་ཚོགས་ཀྱི་དད་པ་དང་མོས་པ་བརླག་ཡོད། གསུམ་པ་ཡུལ་གྱི་རྒྱལ་པོ་ནང་ཆོས་ལ་དོ་སྣང་ཉམས་ནས་མུ་སྟེགས་པར་དོ་སྣང་བྱས་རྐྱེན་རེད་ཅེས་བྲིས་འདུག ང་རང་ཚོ་ཡང་སྤུས་དག་པོ་མ་བྱས་ནས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་བཅངས། སྤྱོད་པ་གང་བྱུང་བྱས་ན་བསྟན་པར་ཞབས་འདེགས་བསྒྲུབ་རྒྱུའི་ཚབ་ལ་ཞབས་འདྲེན་དུ་འགྲོ་གི་ཡོད། དེ་བཞིན་གསང་སྔགས་ཉམས་ལེན་བྱེད་མཁན་སྔགས་པ་ཡིན་ཟེར་ནས་སྤྱོད་པ་འཆལ་སྤྱོད་དེ་འདྲ་བྱས་ན། སངས་རྒྱས་ཀྱི་བསྟན་པ་ཉམས་རྒྱུའི་རྐྱེན་ཞིག་ཆགས་ཀྱི་ཡོད། སོ་སོར་ཆོས་མེད་ན་སོ་སོ་རང་དབང་རེད། སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན་ན་མདོ་སྔགས་སྤྱིའི་འགྲོ་སྟངས་ཤིག་ཡོད་པ་དེ་མཚུངས་འགྲོ་དགོས་ཀྱི་རེད་མ་གཏོགས། སོ་སོ་གང་ཙམ་རྟོག་པ་མཐོ་བོ་ཡིན་མདོག་བྱས་ཏེ་གང་བྱུང་བྱས་ན་ཡག་པོ་མེད། ལོ་ཤས་གོང་རྒྱ་ནག་ནས་ནང་པ་ཞིག་རྡ་སར་ངོས་རང་ཐུག་པར་བསླེབས་བྱུང་། ཁོང་གིས་དེང་སྐབས་བོད་ནང་ཆོས་ཀྱི་རྒྱལ་པོ་ཡིན་ཟེར་མཁན་བླ་མ་དེ་འདྲ་ཡོང་གི་འདུག རྒྱ་མིའི་ནང་ནས་ཆོས་ལ་དད་པ་བྱེད་མཁན་ཚོས་དེ་ཚོར་དད་པ་བྱེད་ཀྱི་ཡོད། གང་ཙམ་ནས་བླ་མར་བུད་མེད་དང་རྒྱུ་དངོས་པོ་དགོས་ཀྱི་འདུག དེ་ཚོའི་གྲས་རྩ་བ་ནས་ཡག་པོ་མི་འདུག ངོས་ནས་ཐབས་ཤེས་བྱས་ཏེ་དེ་དག་འགོག་ཐབས་བྱེད་རོགས། ཞེས་བརྗོད་བྱུང་།
ངོས་རང་རྒྱ་གར་ནང་བསྡད་ཡོད་སྟབས་འགོག་ཐབས་མེད། ཁྱེད་རང་ཚོ་རྒྱ་རིགས་ནང་ཆོས་ལ་དོ་སྣང་དང་དོན་གཉེར་ཡོད་མཁན་ཚོས་མདོ་སྡེ་རྒྱན་གྱི་ནང་བླ་མའི་མཚན་ཉིད་གསུངས་པ་དེ་སྔོན་ལ་བསླབ་རོགས་ཞེས་ཞུ་དགོས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག ཅེས་སོགས་གསུངས་པ་ལྟར་ཆོས་བཅུ་ལྡན་ཞིག་དགོས་ཀྱི་ཡོད། དེ་ཚང་གི་མེད་ན་བླ་མའི་འདུ་ཤེས་བཞག་དགོས་ཀྱི་མེད། སྐད་ཆ་འདྲི་རྒྱུ་དང་བགྲོ་གླེང་བྱས་ན་འགྲིག་གི་ཡོད། བླ་མའི་འདུ་ཤེས་བཞག་སྟེ་ཆོས་ཞུ་རྒྱུ་མེད། ཅེས་བརྗོད་པ་ཡིན། འདི་ལྟར་བྱེད་རྒྱུ་རེད་མ་གཏོགས་ངོས་ལ་ཐབས་ཤེས་གཞན་མེད་ཅེས་བརྗོད་པ་ཡིན། དེང་སང་གི་དུས་ཚོད་འདིར་ཁྱེད་རང་ཚོ་ཚང་མས་གཟབ་གཟབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བར་སྐབས་ཨ་རི་དང་ཡུ་རོབ་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་བླ་མ་ཁ་ཤས་ཡག་པོ་མེད་པའི་གནས་ཚུལ་ཐོན་འདུག དེ་ཚོའི་ཐོག་གཟབ་གཟབ་བྱེད་དགོས། སོ་སོ་སྒེར་ངོ་མ་ཚ་ནའང་བསྟན་པ་སྤྱིར་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་ཁུངས་བཙན་པོ་དཔལ་ན་ལེནྡྲ་ནས་བརྒྱུད་པ་ཞིག་ཡིན།
དེ་བཞིན་ང་ཚོའི་ས་དགེ་བཀའ་རྙིང་ཚང་མས་གཞུང་ཆེན་གཅིག་མཚུངས་ཡག་པོ་བལྟས་པ་དང་། བསླབ་པ་གསུམ་ལ་ཉམས་ལེན་ཡག་པོ་བྱས་ན་ཚང་མ་གཅིག་མཚུངས་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། རྩ་བའི་ཝན་ཁུ་ཝར་ནང་གི་ཆོས་འབྲེལ་དང་བསྟུན། མགོན་པོ་གང་ཉིད་མཆོག་གིས་ས་གནས་དེ་ཙམ་མ་ཟད་ཉེ་འཁྲིས་ས་གནས་ཁག་ནས་གསུང་ཆོས་ཞུ་བར་བཅར་མཁན་བོད་རིགས་ཁྱོན་གྲངས་ ༥༠༠ ཙམ་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་བོད་མི་ཚོར་གཙོ་བོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་དོ་སྣང་བྱེད་དགོས་པའི་བཀའ་སློབ་ཀྱང་ཕེབས་འདུག