༢༠༡༤ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་མཛད་འཆར་གྱི་ཉིན་མཐའ་མར་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་Parliamentary Friends of Tibet རྣམས་དང་མཇལ་འཕྲད་མཛད་ཡོད། སྐབས་དེར་ཁེ་ན་ཌའི་སྤྱི་ཚོགས་ཡར་རྒྱས་བློན་ཆེན་སྐུ་ཞབས་ཇེ་སོན་ཀེན་ནི་ Jason Kenney མཆོག་དང་དཔྱ་ཁྲལ་བློན་ཆེན་སྐུ་ཞབས་ཀེར་རི་ལིན་ཕིན་ཌེ་ལེ་ Kerry-Lynn Findlay མཆོག དེ་བཞིན་སྐུ་ཞབས་བྷར་ན་ཌི་ཊོ་ཊི་ཡར་ Bernard Trottier མཆོག་བཅས་དང་མཇལ་འཕྲད་མཛད་ཡོད། སྐབས་དེར་བློན་ཆེན་རྣམ་པས་༸གོང་ས་མཆོག་ལ་ཁེ་ན་ཌར་བོད་མི་ ༡༠༠༠ གཞིས་སྤོ་གནང་རྒྱུའི་ལས་འཆར་འོག་ད་ཆ་བོད་མི་གྲངས་ ༢༢༠ ཡུལ་དེར་གནས་སྤོས་ཟིན་ཡོད་པའི་སྐོར་སོགས་སྙན་སྒྲོན་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་ཁོང་རྣམས་བརྒྱུད་ནས་ཁེ་ན་ཌའི་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་གནང་མཛད་པ་དང་སྦྲགས།
དེང་སྐབས་བོད་ནང་གི་གནས་སྟངས་སྤྱི་ཡོངས་ཀྱི་སྐོར་དང་ལྷག་པར་བོད་ཀྱི་རང་བྱུང་ཁོར་ཡུག་གནས་སྟངས་འདི་འཛམ་གླིང་སྤྱི་དང་ལྷག་པར་གླིང་ཆེན་ཨེ་ཤི་ཡའི་ཁོར་ཡུག་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་སྐོར་བཀའ་སློབ་སྩལ་དོན། རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཞིག་གིས་བོད་ཀྱི་ཁོར་ཡུག་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། འཛམ་གླིང་གི་སྣེ་གསུམ་པ་ལྟ་བུ་ཆགས་ཡོད། ཅེས་ཉམས་ཞིབ་གནང་བའི་སྙན་ཐོ་ཞིག་བཏོན་ཡོད། བོད་ནས་བྱུང་བའི་རྒྱུག་ཆུ་ཆེ་ཁག་མང་དག་ཅིག་ཨེ་ཤི་ཡའི་མི་འབོར་ཐེར་འབུམ་མང་པོའི་ཉིན་རེའི་འཚོ་བ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་པ་ཙམ་མ་ཟད། ལོ་རྒྱུས་ཐོག་བོད་དེ་བཞིན་འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་ཡིན་པའི་རྒྱ་དཀར་ནག་ཡུལ་གྲུ་གཉིས་ཀྱི་བར་གནས་ཀྱི་རྒྱལ་ཁབ་ཤིག་ཆགས་ཡོད། ཅེས་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་གིས་ཁེ་ན་ཌའི་ཡུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་མཚམས་ཨ་རིའི་ཨ་ལ་བྷ་མ་ Alabama མངའ་སྡེའི་གྲོང་ཁྱེར་བྷར་མིང་ཧམ་ Birmingham དུ་ཆིབས་སྒྱུར་བསྐྱངས་ནས་ཁུལ་དེའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་གྲོང་སྡེའི་སྤྱི་ཁྱབ་པ་ Mayor སྐུ་ཞབས་ཝིལ་ཡེམ་བྷེལ་ William Bell མཆོག་དང་། ཨ་ལ་བྷ་མ་གཙུག་ལག་སློབ་གྲྭའི་ University of Alabama སྐུ་ཚབ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་ཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་བོད་མི་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་དཀར་གཙང་མཇལ་དར་སོགས་ཐོགས་ནས་ཕེབས་གསུ་ཞུས་འདུག ཕྱི་ཚེས་ ༢༥ ཉིན་ཨ་ལ་བྷ་མའི་གཙུག་ལག་སློབ་ཁང་ནང་ཀླད་རྩའི་འགྱུར་ལྡོག་དང་གསོ་ཐབས་སོགས་ཀྱི་སྐོར་བགྲོ་གླེང་ལྷན་ཚོགས་ནང་ལྷན་ཞུགས་མཛད་ཡོད་འདུག