༢༠༡༤ ཟླ་ ༡༠ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་ཆོས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གདན་ཞུས་ཐོག་མེཀ་ལོར་བོད་ཀྱི་གསོལ་མགྲོན་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་ངག་དབང་འཕེལ་རྒྱལ་མཆོག་ལ་གཞུང་འབྲེལ་ཕེབས་སྐྱེལ་གསོལ་སྟོན་ཞིག་ཕུལ་ཡོད།
ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་ངག་དབང་འཕེལ་རྒྱལ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ཉིན་ཁྲིམས་ཞིབ་པ་ཆེ་བའི་ལས་ཡུན་ལོ་ ༥ ཧྲིལ་པོ་གཙང་སྟེ་བགྲེས་ཡོལ་དུ་ཕེབས་པ་ལྟར། ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་ཚབ་ཆོས་རིག་བཀའ་བློན་དང་། ནང་སྲིད། དཔལ་འབྱོར། ཕྱི་དྲིལ། འཕྲོད་སྟེན་བཅས་ཀྱི་བཀའ་བློན་རྣམ་པ། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས། རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་བཅས་གདན་ཞུས་ལྷན་འཛོམས་ཀྱིས་མེཀ་ལོར་བོད་ཀྱི་གསོལ་མགྲོན་ཁང་དུ་གཞུང་འབྲེལ་ཕེབས་སྐྱེལ་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད་པ་དང་། གསོལ་སྟོན་ཐོག་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ཁྲིམས་ཞིབ་པ་ཆེ་བ་ཟུར་པར་སྤྱན་རས་གཟིགས་ཀྱི་སྐུ་ཐང་ཞིག་ཕྱག་རྟགས་སུ་འབུལ་གནང་དང་སྦྲགས་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གསུང་བཤད་གནང་བའི་ནང་།
ཁྲིམས་ཞིབ་ཁང་བཙུགས་པ་ནས་བཟུང་ཕྱི་ལོ་ ༢༠༠༩ བར་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་གཅིག་(༡༩༩༨ ལོ།)གོ་སྒྲིག་གནང་སྟེ། རྒྱ་བལ་བོད་མིའི་སྤྱི་ཚོགས་ནང་བོད་མིའི་ཁྲིམས་རྩོད་པའི་ལག་ཁྱེར་ཡོད་མཁན་མི་གྲངས་ ༨ མ་གཏོགས་མེད་སྟབས། ཕྱི་ལོ་ ༢༠༡༠ ནས་ ༢༠༡༤ བར་ལོ་ངོ་ ༥ རིང་བོད་མིའི་ཁྲིམས་རྩོད་པ་སྦྱོང་བརྡར་ཐེངས་ ༦ གོ་སྒྲིག་ཞུས་ཏེ། ད་ཆ་རྒྱ་གར་དང་། བལ་ཡུལ་བོད་མིའི་གཞིས་ཆགས་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། སློབ་གྲྭ་ཁག་གི་དགེ་ལས་བཅས་ལ་སྦྱོང་བརྡར་སྤྲད་དེ། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་ཁྱོན་བསྡོམས་གྲངས་ ༡༥༦ སྐྱེད་སྲིང་བྱེད་ཐུབ་ཡོད་པ་དང་། དེ་དག་གི་ཁྲོད་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་བསྐྱར་སྦྱོང་ཞིག་ཀྱང་གོ་སྒྲིག་གནང་ཐུབ་ཡོད་འདུག
ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༢ པའི་ཐོག་སྩལ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རིན་པོ་ཆེ་དང་། ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༣ པའི་ཐོག་བཀའ་ཤག་གི་དགོངས་འཆར། དེ་བཞིན་འདས་པའི་ཉམས་མྱོང་གི་ཆ་ནས་ས་གནས་འགོ་འཛིན་རྣམ་པར་ས་གནས་ཁྲིམས་ཞིབ་པའི་ལས་འགན་གཅིག་ལྕོགས་བསྐུར་བ་དེ་ས་གནས་སོ་སོར་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་འོག་མའི་དགོས་དམིགས་ཕན་ཐོགས་ཡོད་པ་ཞིག་སྒྲུབ་ཐུབ་ཀྱི་མེད་པ་གསལ་པོ་ཆགས་སྟབས། རྒྱ་གར་ནང་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཡོངས་རྫོགས་ཕྱིར་བསྡུ་བྱས་ཏེ། ཕྱི་ལོ་ ༢༠༡༢ ལོར་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང་། ཕྱི་ལོ་ ༢༠༡༣ ལོར་ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་བཅས་གསར་འཛུགས་བྱེད་ཐུབ་པ་བྱུང་ཡོད། འོན་ཀྱང་བལ་ཡུལ་ཁུལ་དུ་ཆབ་སྲིད་གནས་སྟངས་ཀྱི་ཆ་ནས་བཀའ་ཤག་གི་དགོངས་འཆར་ལྟར་གནས་སྐབས་རིང་ད་ཡོད་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ ༤ མུ་མཐུད་གནས་དགོས་བྱུང་འདུག དེ་བཞིན་ཟུར་བཙུགས་ས་གནས་ཁྲིམས་ཞིབ་ཁང་བཞིའི་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་བཅས་ཐད་བསྐོས་གནང་སྟེ་ལས་དོན་ལམ་ལྷོངས་ངང་འགྲོ་བཞིན་ཡོད།
ཕྱི་ལོ་ ༢༠༡༢ ལོར་ཟུར་བཙུགས་ས་གནས་ཁྲིམས་ཞིབ་ཁང་བཞིའི་ས་ཁོངས་ཁྱབ་ཚད་སྒྱུར་བཅོས་གསལ་བསྒྲགས་གནང་ཡོད་པ་དང་། དེ་བཞིན་ལོ་དེའི་ཟླ་ ༡༡ ནང་། ས་ཁད་རིང་བའི་མང་ཚོགས་ལ་ཁ་མཆུ་ཞུ་གཏུག་སྟབས་བདེ་ཡོང་ཆེད། བྱང་ཕྱོགས་ས་ཁྲིམས་འོག་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་ས་ཁག་ ༡༡ དང་། ལྷོ་ཕྱོགས་ས་ཁྲིམས་འོག་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་ས་ཁག་ ༤། ལ་དྭགས་ས་ཁྲིམས་འོག་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་ས་ཁག་ ༢། ཤར་ཕྱོགས་ས་ཁྲིམས་འོག་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་ས་ཁག་ ༧ བཅས་གོ་སྒྲིག་གི་རྩ་འཛིན་ལམ་སྟོན་གནང་བ་ལྟར་ལག་ལེན་བསྟར་མུས་ཡིན་འདུག
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༠ ནས་ད་བར་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལ་ བསྐྱར་བཅོས་ཐེངས་ ༢ དང་། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་ལ་བསྐྱར་བཅོས་ཐེངས་ ༥ ། དཔང་རྟགས་རྩ་འཛིན་ཁྲིམས་ཡིག་ལ་བསྐྱར་བཅོས་ཐེངས་ ༣ གནང་སྟེ་ཕྱོགས་སྒྲིག་གིས་དེབ་གཟུགས་དཔར་སྐྲུན་བྱ་ཐུབ་པ་བྱུང་ཡོད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་མཐུན་འགྱུར་ལམ་སྟོན་གནང་བའི་འོག ཕྱི་ལོ་ ༢༠༡༣ ཟླ་ ༦ པའི་ནང་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་ཐེངས་དང་པོ་གོ་སྒྲིག་དང་འབྲེལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་བཙུགས་ཏེ། ཕྱི་ལོ་ ༢༠༡༤ ཟླ་ ༧ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་ཁྲིམས་མཐུན་དེབ་སྐྱེལ་བྱེད་ཐུབ་པ་བྱུང་འདུག ཉེ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་འོས་བསྡུ་དང་འབྲེལ་བའི་ཁ་མཆུ་ཞུ་གཏུག་བྱུང་བར་ཟླ་ ༣ དང་ཉིན་ ༢༠ ནང་ཐག་གཅོད་ཐུབ་པ་བྱུང་འདུག དེ་ཡང་ཉིན་གྲངས་ ༩ ནང་ཐོག་མའི་ཉན་ཞིབ་དང་ཞིབ་གཅོད་ཉན་ཞིབ་གྲངས་ ༡༦ དང་། བཅད་ཁྲ་ཁྱབ་བསྒྲགས་ཀྱི་ཉན་ཞིབ་ཐེངས་ ༡ བཅས་ཉིན་གྲངས་ ༡༠ ནང་ཉན་ཞིབ་གྲངས་ ༡༧ བྱས་འདུག་པ་དེ་ད་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུའི་བྱ་རིམ་མགྱོགས་ཤོས་དེ་ཆགས་འདུག
འདི་ལོ་ཕྱི་ཟླ་ ༨ ནང་ཁྲིམས་ཞིབ་ཁང་མ་ལག་དང་བཅས་པའི་ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༤ པ་སྐོང་ཚོགས་གནང་སྟེ། ཚོགས་འདུའི་ཕྱོགས་བསྡོམས་སྙན་ཐོའི་ནང་དོན་ཕན་ལྡན་པའི་དགོངས་འཆར་ལག་ལེན་བསྟར་རུང་མག་དག་ཅིག་ཡོད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ལས་ཁུར་དམ་འབུལ་གནང་ཡུལ་སྲོང་བཙན་ཚོམས་ཆེན་རྒྱ་བསྐྱེད་དང་། དགོས་ངེས་ནང་རྟེན་མཆོད་ཆས། འཛིན་ཆས་བཅས་པ་ཐབས་ལམ་ཅི་རིགས་བརྒྱུད་ནས་མཁོ་སྒྲུབ་གནང་ཐུབ་པ་བྱུང་ཡོད་འདུག ད་ཆ་ཁྲིམས་ཞིབ་ཁང་མ་ལག་དང་བཅས་པའི་ཁྲིམས་དོན་དང་འཛིན་སྐྱོང་གི་ལས་དོན་གང་ཅིར་གཞི་རྐང་གང་ལེགས་ཚུགས་ཐུབ་པ་དང་། སྤྱིར་བཏང་གི་དགོས་མཁོ་དང་མཐུན་རྐྱེན་འགྲིག་འཐུས། འགོ་དམངས་ལས་བྱེད་ཡོངས་རྫོགས་ཐུགས་མཐུན་ཁྲིམས་གཙང་ངང་རང་རང་སོ་སོའི་ཤེས་འཇོན་ནུས་རྩལ་སྤྱི་དོན་ཐོག་སྤུངས་རྒྱུར་སྟབས་བདེའི་ལམ་ཁ་ཡངས་པོ་ཕྱེས་ཐུབ་ཡོད་འདུག སྐུ་ངོ་ངག་དབང་འཕེལ་རྒྱལ་མཆོག་གིས་ད་བར་མི་ལོ་ ༤༠ ལྷག་རིང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་གནས་ཁག་མང་པོར་སྲི་ཞུ་རླབས་ཆེན་བསྒྲུབས་པ་དང་།
ལྷག་པར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་ལོ་ ༢ དང་། ཁྲིམས་ཞིབ་པ་དང་། ཁྲིམས་ཞིབ་པ་ཆེ་བའི་མཛད་འགན་སྔ་རྗེས་ལོ་ངོ་ ༩ ཉེ་བའི་རིང་བཞེས་གནང་བ་བཅས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། མ་འོངས་པར་སྐུ་དཀྱིལ་གསལ་ཐང་ངང་བོད་དང་བོད་མིའི་བདེ་རྩའི་ཆེད་དུ་མུ་མཐུད་ཐུགས་ཁུར་མི་ལྷོད་པ་གནང་སྐྱོང་ཡོང་བ་དང་། འདི་གར་སྐབས་དུས་ལས་དོན་ཐོག་དགེ་སྐྱོན་གཟིགས་རིགས་དང་གསན་ཐོས་སོགས་བྱུང་ཚེ། སྐབས་མཚམས་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ལམ་སྟོན་སྩོལ་གནང་ཡོང་བའི་གཞེན་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་མཆོག་ནས་སྤྲོ་སེམས་འཁོལ་བའི་ངང་སོ་སོའི་སྐུ་ཚེའི་ལོ་རྒྱུས་ཉམས་མྱོང་ངོ་སྤྲོད་གནང་བ་དང་། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་དང་། སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་རྣམ་གཉིས་ནས་ཀྱང་ཁྲིམས་ཞིབ་པ་ཆེ་བ་ཟུར་པས་མི་ལོ་ ༤༠ ཙམ་རིང་བོད་མིའི་སྒྲིག་འཛུགས་སུ་ཐེམ་པ་རིམ་འཛེག་གིས་སྲི་ཞུ་ཞབས་འདེགས་ཧུར་བསྐྱེད་གནང་བར་ཚད་མཐོའི་གདེང་འཇོག་དང་། བཀྲ་ཤིས་པའི་འཚམས་སྨོན་གནང་ཡོད་པ་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ཁྲིམས་ཞིབ་པ་ཆེ་བ་ཟུར་པར་སྟོན་པའི་སྐུ་ཐང་ཞིག་ཕྱག་རྟགས་སུ་འབུལ་གནང་དང་བསྟུན། སྐུ་མགྲོན་རྣམ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགོ་ལས་རྣམ་པས་ཁྲིམས་ཞིབ་པ་ཆེ་བ་ཟུར་བར་ལྷ་དར་བསྒྲོན་འབུལ་གྱིས་ཕེབས་སྐྱེལ་ཞུས་ཡོད། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་ངག་དབང་འཕེལ་རྒྱལ་མཆོག་ནི། ཕྱི་ལོ་ ༡༩༥༢ ལོར་བོད་མངའ་རིས་རུ་ཐོག་རྫོང་རྭ་སྤང་དུ་འཁྲུངས་པ་དང༌། ཕྱི་ལོ་ ༡༩༦༠ ལོར་ལ་དྭགས་སུ་བཙན་བྱོལ་དུ་ཕེབས།
ཕྱི་ལོ་ ༡༩༦༣ ལོར་བཞུགས་སྒར་རྡ་རམ་ས་ལ་དང༌། ཀང་ར་གསོག་སློབ་བརྒྱུད་མ་སུ་རི་གཏན་སློབ་ཏུ་འཛུལ་ཞུགས་གནང་ནས་ཕྱི་ལོ་ ༡༩༧༢ ལོར་འཛིན་རིམ་བཅུ་གཅིག་གི་བསླབ་པ་མཐར་སོན། སློབ་གྲྭར་སློབ་སྦྱོང་གནང་རིང་ཁང་ཚན་རྒན་བདག་ལོ་བཞི་དང༌། སྤྱི་ཁྱབ་རྒན་བདག་ཨང་དང་པོའི་ལས་འགན་ལོ་གསུམ་བཞེས་ཞོར་དུ་ས་གནས་གཞོན་ནུའི་རིག་གཞུང་འབྲེལ་མཐུད་པའི་ལས་ཁུར་བཞེས་ཡོད། དེ་ནས་སློབ་གྲྭ་ཐོན་རྗེས་ལྡི་ལིར་ལོ་གཅིག་རིང་དྲུང་ཡིག་གི་སློབ་སྦྱོང་གནང༌ཡུན་རིང་ལྡི་ལི་ས་གནས་གཞོན་ནུའི་རྩིས་པ་དང་འབྲེལ་མཐུད་པའི་འགན་བཞེས། ཕྱི་ལོ་ ༡༩༧༤ ཟླ་ ༧ ཚེས་ ༡༦ ཉིན་སྲི་ཞུ་བའི་ཁོངས་སུ་འཛུལ་ཞུགས་གནང་སྟེ་དཔལ་འབྱོར་ལས་ཁུངས་ཀྱི་གཞོན་དྲུང་དང༌། ཕྱི་ལོ་ ༡༩༧༥ ལོར་ནང་སྲིད་ཁྱབ་ཁོངས་སྒང་ཏོག་དོན་གཅོད་ཁང་གི་དྲུང་ལས་སུ་བསྐོ་གཞག་གནང༌། དུས་ཡུན་དེའི་རིང་ལས་ཞོར་དུ་སློབ་སྦྱོང་མཇུག་སྐྱོང་གིས་ཅན་ངྷི་གྷར་ནས་ཡིག་འབྲེལ་ལམ་ནས་བྷི་ཨེ་(BA)བསླབ་པ་མཐར་སོན།
ཕྱི་ལོ་ ༡༩༨༣ ལོར་རྭ་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་ལས་དྲུང་ལོ་གཅིག་དང་དེ་རྗེས་གཞིས་འགོའི་ལས་ཚབ་ལོ་གཅིག་ལྷག་ཙམ་གནང༌། དེ་ནས་གཞིས་འགོ་དང༌། མཉམ་དྲུང༌། བཟོ་འགོ་བཅས་གཅིག་ལྕོགས་ཀྱི་ལས་ཁུར་བླངས། ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༢ པའི་ནང་རྡོར་གླིང་གཏན་སློབ་ཀྱི་བོད་རིགས་སློབ་སྤྱིར་གནས་སྤོས་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༣ པའི་ནང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེར་བསྐོ་གཞག་གིས་འཛིན་སྐྱོང་གི་ལས་འགན་བཞེས་པ་དང༌། མི་རིང་བར་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་གནང་སྟེ་འཛིན་སྐྱོང་ལས་ཁུར་གནང༌། ཕྱི་ལོ་ ༡༩༩༨ ཟླ་ ༡༡ ནང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེར་བསྐོ་གཞག་གནང་སྟེ་ལས་ཁུར་བཞེས་ཡོད། ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༥ པའི་ནང་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༤ ཕྱི་ཟླ་ ༤ པའི་ནང་འཆར་འབུལ་ཕྱག་རྟགས་དགོངས་དོན་བཞིན་མ་སུ་རི་བོད་ཁྱིམ་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་གནང་བ་དང་། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ༼༤༽་དགོངས་དོན་ཁྲིམས་ཞིབ་པ་ཆེ་བའི་ལས་ཡུན་ལོ་ ༥ ཧྲིལ་པོ་གཙང་སྟེ་བགྲེས་ཡོལ་དུ་ཕེབས། །