༢༠༡༤ ཟླ་ ༡༠ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག རྡ་ས་དབུས་སྣེ་ལེན་ཁང་དུ་སློབ་གྲྭ་ཁག་གི་ནང་སྨྱོས་རྫས་ངན་གོམས་འགོག་ཐབས་དང་འབྲེལ་བའི་ཟབ་སྦྱོང་དང་ཚོགས་འདུ་སྐོང་ཚོགས་གནང་འདུག
དེ་ཡང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོར་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས། དེ་བཞིན་བོད་མིའི་སློབ་གྲྭ་ཁག་ ༡༧ ནས་སློབ་གྲྭའི་འཛིན་སྐྱོང་དང་། སློབ་དགེ འཕྲོད་ལས་པ་བཅས་ཁྱོན་མི་གྲངས་ ༡༩ འདུ་འཛོམས་ཐོག འཕྲོད་བསྟེན་བཀའ་བློན་མཆོག་གིས་ཟབ་སྦྱོང་དབུ་འབྱེད་གནང་བ་དང་ཆབས་ཅིག བོད་རིགས་གཞོན་སྐྱེས་ཁྲོད་སྨྱོས་རྫས་ངན་གོམས་འགོག་ཐབས་ཆེད་སློབ་གྲྭའི་སྐབས་སུ་ནས་དེའི་ཐོག་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག སྐབས་དེར་སྐུའི་བླ་སྨན་པ་ས་འདུ་ཚང་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འཕྲོད་ལས་ཁུངས་ནས་འདོན་སྤེལ་གནང་བའི་འཕྲོད་བསྟེན་དང་འབྲེལ་བའི་བོད་ཡིག་ཐོག་གི་དཔེ་དེབ་རེ་བ། ཞེས་པའི་དབུ་འབྱེད་གནང་འདུག
ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་ཐོག་ཞི་བདེ་ཁང་གསར་སྨྱོས་རྫས་ངན་གོམས་བཅོས་ཐབས་ཁང་དང་ཀུན་ཕན་ཚོགས་པ་ནས་དེ་སྔ་སྨྱོས་རྫས་ངན་གོམས་ལས་དྲག་སྐྱེད་བྱུང་བའི་མི་སྣ་འབོད་ནས་ཁོང་ཚོར་དཀའ་ངལ་གང་འཕྲད་པའི་མྱོང་ཚོར་རྣམས་གསུངས་འདུག སྐབས་དེར་སློབ་སྟོན་པ་གཞན་རྣམས་ནི་ཀུན་ཕན་ཚོགས་པའི་འཐུས་མི་ཟླ་བ་ཚེ་རིང་ལགས་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ཞི་བདེ་ཁང་གསར་གྱི་སློབ་སྟོན་པ་ནི་ཁིལ་དྭར་ཀ་Nikhil Dwarka ལགས་བཅས་ཀྱིས་སྨྱོས་རྫས་ངན་གོམས་འོག་ཚུད་པ་རྣམས་ལ་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམས་ཞིབ་གནང་ཐོག་སྨྱོས་རྫས་འགོག་ཐབས་གནང་དགོས་སྐོར་གསུང་བཤད་གནང་འདུག