༢༠༡༤ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཧོ་ལེན་ཌིའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཐེངས་དང་པོ་ཕེབས་སྐབས། ཁུལ་དེར་གནས་སྡོད་བོད་མི་ཁྱོན་གྲངས་ ༣༥༠ ཙམ་འདུ་འཛོམས་ཀྱིས་རང་ལུགས་གཟབ་མཆོར་སྤྲས་ནས་ལག་ཏུ་བོད་དང་ཧོ་ལེན་ཌིའི་རྒྱལ་དར་ཐོགས་ཤིང་། བོད་ཀྱི་སྲོལ་རྒྱུལ་ལྟར་གཡག་དང་སེང་གེ་སོགས་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་ཡང་གོང་ཚེས་ཉིན་ལས་རིམ་གྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་མཚམས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས། ཧོ་ལེན་ཌི་བོད་རིགས་ཚོགས་པའི་ཚོགས་གཞོན་གྱིས་ལོ་འཁོར་ལས་བསྡོམས་སྒྲོགས་སྦྱང་ཞུས། དེ་ནས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ངོས་རང་དེ་རིང་འདི་གར་ཡོང་སྟེ་རྣམ་པ་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདས་པའི་ལོ་གསུམ་གྱི་ནང་བཀའ་ཤག་སྐབས་བཅུ་བཞི་པས་ལས་དོན་གང་ཙམ་ཡག་པོ་བསྒྲུབས་ཐུབ་པ་བྱུང་ཡོད།
ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་གནང་བའི་འགོ་ཁྲིད་ལ་གསོལ་རས་སྩལ་ཏེ་ད་ལྟ་ལོ་གསུམ་ཙམ་སོང་ཡོད། དུས་སྐབས་དེའི་ནང་བཀའ་ཤག་སྐབས་བཅུ་བཞི་པས་འཛིན་སྐྱོང་གི་ལས་འགན་ཞུ་སྒོ་མཐའ་དག་ལྷིང་འཇགས་པོའི་ཐོག་ནས་འབད་སྒྲུབ་གནང་ཐུབ་ཡོད་པ་ནི་ང་ཚོའི་བྱས་རྗེས་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་འབད་བརྩོན་བྱེད་མུས་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ སྐབས་ནས་བཟུང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ངལ་བ་དུ་མ་ཁྱད་དུ་བསད་ནས་སྐུ་ངལ་འཛེམས་མེད་སྐྱོན་གནང་མཛད་དང་མཛད་མུས་ཡིན།
དེར་བརྟེན་ང་ཚོས་དུས་རྟག་ཏུ་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་གང་ཉིད་ཀྱི་རླབས་ཆེན་དགོངས་བཞེས་དང་སྐུའི་ཡོན་ཏན་དེ་དག་ལ་ཡི་རང་བསྔགས་བརྗོད་ཞུ་ཐོག་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་ཆགས་ཡོད། ངོས་རང་ཉིད་ལྟ་བུར་མཚོན་ནའང་༸གོང་ས་མཆོག་གི་ཐུགས་རྗེའི་བཀྲིན་ཉག་གཅིག་ལ་བརྟེན་ནས་རྒྱལ་སྤྱིའི་སྟེང་དབུ་ཁྲིད་འདྲ་མིན་གྱིས་གཙོས་གནད་ཡོད་མི་སྣ་མང་དག་ཅིག་དང་འབྲེལ་བ་འཛུགས་ཐུབ་པ་བརྒྱུད་གཞུང་འབྲེལ་ལས་དོན་མཐའ་དག་སྔར་ལྷག་ཡར་རྒྱས་གཏོང་ཐུབ་པ་ཡོང་བཞིན་འདུག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་མང་ཆེ་བ་གཞོན་སྐྱེས་ཡིན་པར་བརྟེན། ཁྱེད་ཚོས་སོ་སོའི་ཕྲུ་གུ་ཚོར་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྒྱུས་སྟོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་མི་ཚོར་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་དགོས་དོན་གཙོ་བོ་ནི་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། བོད་མི་རྣམས་ཉམ་ཆུང་། རྡོག་སྒྲིལ་པོ། སྙིང་སྟོབས་ཆེན་པོ་བཅས་ལ་བརྟེན་ནས་ཡིན། དེར་བརྟེན་བོད་མི་ཚོས་རང་ཉིད་ལ་ཡོད་པའི་ཁྱད་ཆོས་དེ་དག་ངོས་འཛིན་ཐོག་རྒྱུན་འཛིན་བྱས་ནས་བོད་མིར་མཐོང་ཕྱོགས་བཟང་པོ་ཡོད་པ་རྣམས་བདག་གཅེས་ཐུབ་པ་བྱེད་དགོས། དེ་དག་ང་ཚོའི་རྒྱུ་ནོར་ཡིན། གལ་ཏེ་ང་ཚོས་བོད་མིའི་ཡ་རབས་སྤྱོད་བཟང་གི་རིན་ཐང་དེ་དག་གཅེས་འཛིན་མ་བྱས་ན་རྒྱལ་སྤྱིའི་རྒྱབ་སྐྱོར་དེ་དག་མེད་པ་ཆགས་རྒྱུ་མ་ཟད། འབྱུང་འགྱུར་མི་རབས་ཚོ་ལའང་དཀའ་ངལ་འཕྲད་ངེས་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
གཞན་ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་ཧོ་ལེན་ཌིའི་གཞུང་འབྲེལ་མི་སྣ་ཁག་དང་ལྷན་མཇལ་འཕྲད་གནང་སྟེ་ཧོ་ལེན་ཌིའི་གཞུང་མང་གཉིས་ཀྱིས་བོད་མི་སྐྱབས་བཅོལ་བ་ཚོར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་སྐོར་དང་། དེང་སྐབས་ཧོལ་ལེན་ཌིར་སྐྱབས་བཅོལ་ཞུ་མཁན་བོད་མི་ཁག་གཅིག་ལ་ཡིག་ཆ་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་རྣམས་གཞུང་གི་མཛད་གཙོ་རྣམ་པར་སྙན་གསེང་ཞུས་ཡོད་སྐོར་སོགས་གསུངས། ད་ལྟའི་ཆར་ཧོལ་ལེན་ཌིར་སྐྱབས་བཅོལ་ཞུ་མཁན་བོད་མི་ ༦༠ ཙམ་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག དེའི་ཁོངས་ནས་བོད་མི་ཁག་གཅིག་ཁུལ་དེར་འབྱོར་ཏེ་ལོ་ངོ་ ༡༤ ལྷག་ཕྱིན་འདུག རེས་གཟའ་སྤེན་པའི་ཉིན་སྲིད་སྐྱོང་མཆོག་ཧོལ་ལེན་ཌིའི་རྒྱལ་ས་ཨེམ་སི་ཊར་ཌམ་ནས་སྦར་སི་ལོ་ནར་མ་ཐོན་གོང་ཁུལ་དེར་དཀའ་ངལ་འཕྲད་བཞིན་པའི་བོད་མི་ཁག་གཅིག་ཐུག་འཕྲད་གནང་ཡོད་འདུག