༢༠༡༤ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་ཙམ་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྷེལ་ཇམ་ Belgium གྱི་གྲོང་ཁྱེར་ཨེན་ཝར་པིན་Antwerpen དུ་ཕེབས་སྐབས་བོད་མི་ ༥༠༠ ཙམ་གྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་རྗེས་སྲིད་སྐྱོང་མཆོག་གིས་བོད་རིགས་རྣམས་ལ་གསུང་བཤད་གནང་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་ཐབས་བྱེད་བཞིན་ཡོད་པ་དང་། སྤྱིར་བོད་རིགས་ནང་ཁུལ་བསམ་ཚུལ་མི་འདྲ་བ་ཡོང་ཆོག་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་
ལངས་ཕྱོགས་ནི་ལམ་དབུ་མ་ཡིན་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མིའི་བདེན་དོན་རྩོད་རྒྱུའི་མ་རྩ་ཡག་ཤོས་ནི་གཞོན་སྐྱེས་ཚོའི་ཤེས་ཡོན་ཡིན་སྟབས། གཞོན་སྐྱེས་ཚོའི་ཤེས་ཡོན་ཧ་ཅང་གལ་ཆེར་རྩི་བཞིན་ཡོད་སྐོར་དང་།
ལྷག་པར་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་གི་ཤེས་ཡོན་གྲུབ་འབྲས་དེ་སྔ་དང་བསྡུར་ན་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་ནི་དགའ་སྤོབས་སྐྱེ་གཞི་ཞིག་ཡིན་པར་བརྟེན། ཕྲུ་གུ་ཚོའི་མཐོ་སློབ་ཁག་ནང་མུ་མཐུད་སློབ་སྦྱོང་བྱ་རྒྱུའི་མཐུན་རྐྱེན་སྐྲུན་ཆེད་ཤེས་རིག་ལས་ཁུངས་ནས་སློབ་ཡོན་མང་དུ་བཏང་བ་དང་། དེ་བཞིན་བོད་མི་ཁྱིམ་ཚང་ཉམ་ཆུང་གི་ཕྲུ་གུ་ཚོའི་ཤེས་ཡོན་ཆེད་སློབ་ཡོན་མཐུན་འགྱུར་དེ་སྔ་ལས་ལྷག་པ་གནང་བཞིན་ཡོད་སྐོར་གསུངས། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སྐབས་དེར་དོལ་རྒྱལ་རྗེས་འབྲང་པ་བོད་མི་བསམ་ཤེས་མེད་པ་ཁག་གཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཡུ་རོབ་སོགས་ནང་ཆིབས་སྒྱུར་བསྐྱངས་སྐབས་གཞི་མེད་སྐྱོན་བརྗོད་ཀྱི་རྔམ་སྟོན་ངོ་རྒོལ་དང་མཚན་སྨད་ཞུས་དང་ཞུ་མུས་ཡིན་པའི་ཐ་ཤལ་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས་བྷེལ་ཇམ་ཁུལ་དུ་ཕེབས་དགོས་དོན་གཙོ་བོ་ནི་ཁུལ་དེར་སྐྱབས་བཅོལ་དུ་ཕེབས་པའི་བོད་རིགས་ཁག་གཅིག་ལ་བྷེལ་ཇམ་སྐྱབས་བཅོལ་ལས་ཁུངས་ནས་སྐྱབས་བཅོལ་ཡིག་ཆ་གནང་བའི་དཀའ་ངལ་དེ་དག་ཞིབ་ཚགས་ཐོག་དངོས་སུ་མཁྱེན་རྟོགས་ཡོང་ཆེད་ཡིན་སྐོར་གྱི་གསུང་བཤད་གནང་བ་མ་ཟད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སྐོར། དེ་བཞིན་བྷེལ་ཇམ་ནང་བོད་རིགས་ཁག་གཅིག་ལ་སྐྱབས་བཅོལ་གྱི་ཐོབ་ཐང་ཐོག་འཕྲད་བཞིན་པའི་དཀའ་ངལ་སྐོར་མི་དམངས་ཀྱི་དྲི་བར་ལན་འདེབས་གནང་འདུག དེ་ཡང་བྷེལ་ཇམ་དུ་སྐྱབས་བཅོལ་ཞུ་མཁན་བོད་མི་གྲངས་ ༤༠༠ ལ་བྷེལ་ཇམ་གཞུང་གིས་སྐྱབས་བཅོལ་ཡིག་ཆ་མ་གནང་བར་བརྟེན། སྲིད་སྐྱོང་མཆོག་གིས་རེས་གཟའ་ལྷག་པའི་སྔ་དྲོ་བོད་མི་དེ་དག་གི་སྐུ་ཚབ་འཐུས་མི་རྣམས་དང་ཐུག་འཕྲད་གནང་སྟེ་ཁོང་ཚོའི་དཀའ་ངལ་རྣམས་ལ་ཉན་ཞིབ་གནང་།
སྤྱིར་ཡུལ་དེར་བོད་མི་གྲངས་ ༣༠༠༠ ཙམ་ཡོད་འདུག སྲིད་སྐྱོང་མཆོག་བྷེལ་ཇམ་རྒྱལ་ས་བྷར་སེལ་ Brussels དུ་ཕེབས་སྐབས་སྐྱབས་བཅོལ་བ་དང་རྒྱལ་ཁབ་ཀྱི་ཐོབ་ཁུངས་མེད་མཁན་མི་མང་རྣམས་ལ་གཟིགས་རྟོག་གནང་མཁན་ལས་ཁུངས་ཀྱི་འགན་འཛིན་ Commissioner General for Refugees and Stateless Persons མཆོག་དང་མཇལ་འཕྲད་གནང་འདུག སྲིད་སྐྱོང་མཆོག་བྷེལ་ཇམ་ཁུལ་གྱི་ལས་དོན་གྲུབ་མཚམས་དེ་ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༠།༤༥ ཙམ་ལ་ཧོལ་ལེན་ཌིའི་རྒྱལ་ས་ཨེམ་སི་ཊར་ཌམ་དུ་ཕེབས་འབྱོར་གནང་སྐབས། བོད་མི་ ༡༥༠ ཙམ་གྱིས་ཕེབས་བསུ་ཞུས་འདུག ད་ཐེངས་སྲིད་སྐྱོང་མཆོག་ཧོལ་ལེན་ཌིར་ཕེབས་ཐེངས་ཐོག་མ་ཆགས་ཡོད།