༢༠༡༤ ཟླ་ ༡༠ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༧ ཉིན་རྒྱ་གར་དང་ཝེ་སི་ཨི་ཌི་སི་ (West Indies) གཉིས་དབར་རྒྱལ་སྤྱིའི་ (Cricket) དབྱུག་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་བཞི་པ་རྡ་ཤོད་ཀ་ཅཱ་རིའི་ས་གནས་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་ཧི་མཱ་ཅལ་དབྱུག་རྩེད་སྤོ་ལོའི་རྩེད་ཐང་དུ་རྩེད་འགྲན་གནང་འདུག
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༢ ཡོལ་ཙམ་ལ་བཞུགས་སྒར་ཕོ་བྲང་ནས་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་རྩེད་ཐང་དུ་༸ཞབས་སོར་འཁོད་བསྟུན་ཧི་མཱ་ཅལ་མངའ་སྡེའི་དབྱུག་རྩེད་པོ་ལོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ནུ་རཱག་ཐཱ་ཀུར་ (Anurag Thakur)ལགས་ཀྱིས་གཙོས་འབྲེལ་ཡོད་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།
དེ་རྗེས་༸གོང་ས་མཆོག་རྩེད་ཐང་དུ་ཆིབས་སྒྱུར་བསྐྱངས་ནས་རུ་ཁག་གཉིས་ཀའི་རྩེད་འགྲན་པ་རྣམས་ལ་མཇལ་དར་གསོལ་རས་སྩལ་བ་དང་སྦྲགས། འགྲན་བསྡུར་དབུ་འཛུགས་མཛད།
གཞན་ཡང་སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་པེ་རེམ་ཀུ་མཱར་དུ་མལ་ (Prem Kumar Dhumal) མཆོག་ཀྱང་ཆེད་ཕེབས་གནང་འདུག