༢༠༡༤ ཟླ་ ༡༠ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་སུ་ནང་སྲིད་བཀའ་བློན་མཆོག་གིས་ཡུན་རིང་ནས་བོད་མིའི་གཞིས་ཆགས་ཁག་གཅིག་གི་སྡོད་ཁང་ཉམས་གསོ་དང་། རང་འབྱུང་གི་གོད་ཆག་ཕོག་པ་རྣམས་ལ་ཛ་དྲག་མྱུར་སྐྱོབ་ཀྱི་རོགས་སྐྱོར་གནང་མཁན་ (E.C.H Eversdijk Smulders Stiching) ཞེས་པའི་རོགས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ (Ida Van Gulik ) མཆོག་མཇལ་འཕྲད་གནང་སྟེ། ཁོ་མོར་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་ཀྱང་གནང་འདུག
ཐེངས་འདིར་ཁོང་གིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་སྟེང་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་ ༥༤ འཁོར་བའི་མཛད་སྒོར་ཕེབས་པ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་འཚམས་གཟིགས་གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་སྟེ། ད་བར་བོད་མིའི་གཞིས་ཁང་ཉམས་གསོ་སོགས་ཀྱི་རོགས་རམ་བྱེད་ཐུབ་པར་ཧ་ཅང་དགའ་པོ་བྱུང། ཞེས་གསུངས་འདུག
སྤྱིར་རོགས་ཚོགས་འདིས་ད་བར་ནང་སྲིད་ལས་ཁུངས་ཀྱི་གཞིས་ཁང་དང་ལས་ཤག་ཉམས་གསོ། དེ་བཞིན་ལ་དྭགས་ནང་ཆུ་རུད་ཀྱི་རྐྱེན་པས་གོད་ཆག་ཕོག་པ་རྣམས་ལ་ཛ་དྲག་མྱུར་སྐྱོབ་སོགས་ཀྱི་ལས་འཆར་ཁག་ཉི་ཤུ་ལྷག་ཙམ་ཞིག་ལ་རོགས་རམ་གནང་མྱོང་ཡོད་འདུག