༢༠༡༤ ཟླ་ ༡༠ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་མཆོག་བོད་དུ་གཟིགས་སྐོར་དུ་ཕེབས་རྒྱུར་རྒྱ་ནག་གཞུང་དང་བཀའ་བསྡུར་གནང་བཞིན་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་གསལ་ལྟར་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གསར་པ་ཇོར་ཌན་གྱི་རྒྱལ་སྲས་ཛ་ཨིད་རཱད་ཨལ་ཧུ་སེན་(Zeid Ra’ad al-Hussein) མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༦ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་གསར་འགོད་ལྷན་ཚོགས་ཞིག་སྐོང་ཚོགས་གནང་ཡོད་པ་དང་། དེའི་སྐབས་གཞི་རྩའི་ཐོག་ནས་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་བོད་དུ་ཕེབས་རྒྱུར་མོས་མཐུན་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་དང་བཀའ་བསྡུར་གནང་མུས་ཡིན། ཞེས་གསུངས་འདུག
ཁོང་ནི་དེ་སྔོན་ཇོར་ཌན་གཞུང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཡིན་ཞིང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ལས་འགན་བཞེས་ཏེ། གཟའ་འཁོར་དྲུག་ཙམ་ལས་འགྲོ་གི་མེད། ད་ཐེངས་ཁོང་གིས་ཁོང་བོད་ཙམ་མིན་པར་རྒྱ་ནག་གི་ས་ཁུལ་གཞན་ཁག་ཏུ་ཡང་འཚམས་གཟིགས་གནང་རྒྱུའི་ཐུགས་འདོད་ཡོད་སྐོར་གསུངས་པ་དང་། འདིའི་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ལྕམ་ (Mary Robinson) ལོ་རབས་དགུ་བཅུའི་མཇུག་ཏུ་རྒྱ་ནག་ཏུ་ཕེབས་མྱོང་ཡོད་ཅིང་། ཁོང་གི་རྗེས་ལྕམ་ན་ཝི་པི་ལེ་(Navi Pillay)མཆོག་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གནང་ཡུན་རིང་བོད་དང་རྒྱ་ནག་ཏུ་གཟིགས་སྐོར་དུ་ཕེབས་ཆེད་འབོད་སྐུལ་རིམ་པ་ཞུས་ཀྱང་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་མེད། ཁོང་གིས་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་ངོ་མ་གསལ་རྟོགས་སླད་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་འགྲོ་བསྐྱོད་ཆོག་པའི་བཀའ་ཁྲོལ་ཡོང་ཐབས་ཤུགས་ཆེ་གནང་ཡོད་ཀྱང་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་བྱས་མེད་པ་རེད།